བོད་པའི་སློབ་གྲྭ་ཁག་ག་དུས་སྒོ་འབྱེད་ཐུབ་མིན་ད་ལྟ་ངེས་གཏན་མི་འདུག

བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་བཀོད་ཁྱབ་ལམ་སྟོན་ཕེབས་པ་ཡིན་ན་བོད་པའི་སློབ་གྲྭ་ཁག་ཀྱང་ཕྱི་ཟླ་ ༡༠ པའི་མཇུག་དང་ ༡༡ པའི་ནང་རིམ་བཞིན་སྒོ་འབྱེད་འཆར་འདུགཕྱི་ཟླ་ ༩ ཚེས་ ༣༠ ཉིན། རྒྱ་གར་དབུས་ནང་སྲིད་ལས་ཁུངས་ནས་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་རྒྱལ་ཡོངས་སྒོ་འབྱེད་ཐེངས་ ༥ པ་ཡོངས་བསྒྲགས་གནང་སྟེ། འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༡༥ ནས་བཟུང་། རྒྱ་གར་རྒྱལ་ཡོངས་སུ་དམར་རྟགས་ནང་ཡོད་པའི་ས་ཁུལ་ཁག་ཕུད་པའི་ས་ཁུལ་གཞན་ཚོའི་སློབ་གྲྭ་ཁག་དང་མཐོ་སློབ་ཁག ཤེས་ཡོན་གྱི་ལྟེ་གནས་ཁག་སྒོ་འབྱེད་ཆོག་སྐོར་གསུངས་ཡོད་པ་ལྟར། ཕ་མ་ཁྱིམ་བདག་གི་མོས་མཐུན་ཡོད་པའི་ཐོག་ནས་སློབ་གྲྭ་ཁག་རིམ་གྱིས་སྒོ་འབྱེད་ཀྱི་ཡོད་པ་དང་། བཙན་བྱོལ་བོད་མིའི་སློབ་གྲྭ་ཆུང་འབྲིང་དང་མཐོ་སློབ་ཁག་ནས་མངའ་སྡེ་གཞུང་དང་། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་བཀོད་ཁྱབ་ལམ་སྟོན་གནང་བར་སྒུག་འདུག

འདི་ག་བོད་ཀྱི་དུས་བབ་གསར་ཁང་གི་གསར་འགོད་པས་ཞལ་པར་བརྒྱུད། སཾ་བྷོ་ཊ་སློབ་གྲྭའི་སྤྱི་ཁྱབ་འགན་འཛིན་ཚེ་རིང་དོན་གྲུབ་ལགས་སུ་སློབ་གྲྭ་ག་དུས་སྒོ་འབྱེད་འཆར་ཡོད་མེད་དྲིས་པར་ཁོང་གིས། དེ་སྔོན་ཤེས་རིག་བཀའ་བློན་མཆོག་དང་དྲུང་ཆེ། བོད་ཁྱིམ་གཉིས་ཀྱི་དྲུང་ཆེ་རྣམ་པ་གཉིས་དང་ལྷན་དུ་ཚོགས་འདུ་ཚོགས་སྐབས། རྒྱ་གར་དབུས་གཞུང་ནས་འཛིན་གྲྭ་ག་དུས་ཚོགས་མིན་གྱི་གསལ་བསྒྲགས་བྱུང་བ་ཡིན་ན། ཐོག་མ་དེ་ལ་འཛིན་རིམ་བཅུ་པ་དང་བཅུ་གཉིས་ནས་སློབ་ཁྲིད་མགོ་འཛུགས་བྱ་རྒྱུ་དང་། དེ་ནས་འཛིན་རིམ་དགུ་པ་དང་བཅུ་གཅིག་ཅེས་བང་རིམ་བྱས་ནས་འགོ་འཛུགས་བྱ་རྒྱུའི་གྲོས་ཆོད་བྱུང་ཡོད་སྐོར་དང་།  སཾ་བྷོ་ཊའི་སློབ་གྲྭ་ཁག་ནི་མངའ་སྡེ་ཁག་མང་པོ་ཞིག་ལ་ཡོད་པས། ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱི་བཀའ་ཁྱབ་དང་མངའ་སྡེ་སོ་སོའི་བཀའ་ཁྱབ་གང་གནང་བ་གཞིར་བཟུང་འཛིན་རིམ་བཅུ་པ་དང་བཅུ་གཉིས་ནས་སློབ་གྲྭ་མགོ་འཛུགས་རྒྱུའི་འཆར་གཞི་ཡོད་སྐོར་བརྗོད་བྱུང་།

བོད་ཁྱིམ་སློབ་གྲྭའི་དབུ་འཛིན་ཐུབ་བསྟན་ལགས་སུ་སློབ་གྲྭ་སྒོ་འབྱེད་འཆར་ཡོད་མེད་དྲིས་པར་ཁོང་གིས། ད་ལྟའི་ཆར་གནས་ཚུལ་དེའི་སྐོར་ལ་གང་ཡང་ཞུ་རྒྱུ་མེད་ལ། དེ་སྔོན་ནས་མང་པོ་བཤད་ཟིན་པས། གནས་ཚུལ་རྙིང་པ་དེ་དག་བསྐྱར་དུ་བསླངས་ནས་ག་རེ་བྱ་ཡ་ཡིན་ཞེས་བརྗོད་བྱུང་།

ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་དབུ་འཛིན་པ་སངས་ཚེ་རིང་ལགས་ཀྱིས། ད་ལྟའི་ཆར་མཐོ་སློབ་ཚོགས་རྒྱུའི་སྐོར་ལ་གསལ་བསྒྲགས་དམིགས་བསལ་བཏང་མེད་ཀྱང་། འདི་ལོའི་ཕྱི་ཟླ་ ༡༡ པའི་ནང་མཐོ་སློབ་མགོ་འཛུགས་རྒྱུའི་འཆར་གཞི་ཡོད་སྐོར་དང་། ད་ལྟ་སློབ་ཕྲུག་གསར་པ་ལེན་མགོ་བཙུགས་ཟིན་ཏེ། ཧི་མ་ཅལ་ (HIMACHAL) མངའ་སྡེའི་ནང་ནས་ཡིན་པའི་སློབ་ཕྲུག་རྣམས་ཐད་ཀར་ངོས་ལེན་བྱས་པ་དང་། མངའ་སྡེ་གཞན་ནས་ཡོང་བའི་སློབ་ཕྲུག་རྣམས་ཉིན་བཅུ་བཞིའི་རིང་སོ་སོའི་སྡོད་ཁང་དུ་ཟུར་བཀག་འོག་བཞག་ཡོད་སྐོར་བརྗོད་བྱུང་། ད་ལྟའི་ཆར་ས་རཱ་མཐོ་རིམ་སློབ་གཉེར་ཁང་གི་གཙུག་ལག་རབ་འབྱམས་པའི་སློབ་མ་རྣམས་ལ་སློབ་ཁྲིད་གནང་མུས་ཡིན་འདུག

དེ་བཞིན་ནོར་གླིང་མཐོ་སློབ་ཀྱི་སློབ་སྤྱི་སྨན་ཤེལ་བློ་གྲོས་ལགས་ཀྱིས། ད་ལྟའི་ཆར་གནས་ཚུལ་དེའི་སྐོར་ལ་མངའ་སྡེ་གཞུང་གི་ལམ་སྟོན་དང་ཤེས་རིག་གི་ལམ་སྟོན་ལ་སྒུག་བཞིན་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༢༠ ཙམ་ལ་མགོ་འཛུགས་བྱ་རྒྱུའི་འཆར་གཞི་ཡོད་སྐོར་བརྗོད་བྱུང་།

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་བོད་ཡིག་སྡེ་ཚན་གྱི་སློབ་དགེ་དགེ་རྒྱས་ལགས་ཀྱིས།  རྒྱ་གར་དབུས་གཞུང་གི་བཀའ་ཁྱབ་ལག་ལེན་བསྟར་བའི་ཐོག་ནས་སྦེང་ལོར་གཙུག་ལག་སློབ་གཉེར་ཁང་གི་ལམ་སྟོན་གཞིར་བཟུང་འཛིན་གྲྭ་ཚོགས་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད་སྐོར་དང་། ཕྱི་ཟླ་ ༩ པའི་ཚེས་ ༡ ནས་དྲ་ལམ་བརྒྱུད་སློབ་ཁྲིད་མགོ་འཛུགས་བྱས་ཡོད་པ་དང་། ད་ལྟའི་ཆར་དྲ་ལམ་བརྒྱུད་ནས་འཛིན་གྲྭ་ཚོགས་དང་འཚོགས་བཞིན་པ་ཡིན་ལ། ཕྱི་ཟླ་ ༡༡ པའི་ནང་འཛིན་གྲྭ་ཚོགས་རྒྱུའི་འཆར་གཞི་ཡོད་ཀྱང་གཏན་འཁེལ་མེད་སྐོར་བརྗོད་བྱུང་།

འདི་ག་དུས་བབ་ཀྱི་གསར་འགོད་པས་སཾ་བྷོ་ཊ་དང་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་དང་ཕ་མ་ ༡༥ ཙམ་ལ་འབྲེལ་བ་བྱས་ཏེ་རྒྱུས་ལོན་བྱུང་བ་ལྟར་ན། ཕ་མ་མང་ཆེ་བས་ཕྲུ་གུ་སློབ་གྲྭར་གཏོང་བར་བཀག་འགོག་མེད་སྐོར་བརྗོད་བྱུང་ལ། ཡང་ཕ་མ་རེ་ཟུང་གིས་སློབ་གྲྭ་བསྐྱར་དུ་སྒོ་ཕྱེས་པ་ཡིན་ནའང་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་གྱིས་བྱིས་པ་སློབ་གྲྭར་གཏོང་འདོད་མེད་སྐོར་བརྗོད་བྱུང་།

འབྲེལ་བ་བྱུང་བའི་སློབ་ཕྲུག་ཚོའི་ངོས་ནས་སློབ་གྲྭ་མགོ་འཛུགས་གནང་ཐུབ་ན་ལེགས་ལ། སློབ་གྲྭར་འགྲོ་འདོད་ཆེན་པོ་ཡོད་སྐོར་བརྗོད་བྱུང་ལ། སློབ་ཕྲུག་མང་ཆེ་བས་ད་བར་དུ་དྲ་ཐོག་བརྒྱུད་ནས་སློབ་ཁྲིད་བྱེད་སྐབས་དྲ་ལམ་ཡག་པོ་མེད་པའི་དཀའ་ངལ་འཕྲད་དེ་སློབ་ཚན་དཔྱིས་ཕྱིན་པ་ལྟ་ཉན་མི་ཐུབ་པས།  སློབ་སྦྱོང་ལ་འཐུས་ཤོར་ཅུང་ཙམ་ཡོང་གི་ཡོད་པ་དང་། འཛིན་གྲྭར་དངོས་སུ་བཅར་ནས་སློབ་ཁྲིད་ལ་ཉན་ན་དོ་སྣང་ཡག་པོ་སྤྲོད་ཐུབ་ཀྱི་ཡོད་སྐོར་བརྗོད་བྱུང་། ཡང་སློབ་ཕྲུག་འགའ་ཤས་ཀྱིས་དྲ་ཐོག་སློབ་ཁྲིད་བྱེད་པར་དཀའ་ངལ་མེད་ལ། སློབ་སྦྱོང་ཐད་འཐུས་ཤོར་ཡང་འགྲོ་ཡི་མེད་པའི་བསམ་ཚུལ་བརྗོད་བྱུང་།

འདི་གའི་གསར་འགོད་པས་ཞལ་པར་བརྒྱུད་ཤེས་རིག་ལས་ཁུངས་ནས་བོད་པའི་སློབ་གྲྭ་ཁག་ལ་བཀོད་ཁྱབ་ལམ་སྟོན་ག་རེ་གནང་གི་ཡོད་མེད་བཀའ་འདྲི་ཞུས་པར།ཤེས་རིག་ལས་ཁུངས་ངོས་ནས་དེ་སྔ་བཀོད་ཁྱབ་བཏང་བ་ལས་གཞན་ད་ལྟའི་ཆར་བཀོད་ཁྱབ་རིགས་གང་ཡང་མེད་སྐོར་བརྗོད་བྱུང་བ་དང་། དེ་སྔ་ཕྱི་ཟླ་ ༣ པའི་ནང་ཤེས་རིག་ལས་ཁུངས་ངོས་ནས་ཏོག་ནད་དང་འབྲེལ་ནས་གཏན་སློབ་ཁག་ལ་ཏོག་དབྱིབས་འགོས་ནད་ལ་ཡིད་གཟབ་དགོས་པའི་བཀོད་ཁྱབ་ཅིག་བཏང་བའི་ནང་། འཛམ་གླིང་གི་ས་ཕྱོགས་གང་སར་ཁྱབ་བརྡལ་འགྲོ་བཞིན་པའི་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་དེ་རྒྱ་གར་གྱི་ས་ཁུལ་འགའ་ཞིག་ནང་དུའང་མཆེད་ཟིན་པའི་གནས་ཚུལ་ཐོན་མུས་ལ་བརྟེན། རང་རེ་ཚང་མས་རང་དོན་རང་གཅེས་ཀྱིས་ཡིད་གཟབ་གནང་དགོས་སྨོས་མེད་བཞིན་སློབ་གྲྭ་ཁག་དང་དགོན་སྡེ་སོགས་ཚོགས་སྡེ་ཁག་ནས་འགོག་ཟོན་གྱི་ཐབས་ལམ་སྣ་ཚོགས་ཤིག་སྤྱོད་བཞིན་ཡོད་ཀྱང་། གལ་པོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་གཤམ་གསལ་དོན་གནད་ཁག་དགེ་ལས་སློབ་ཕྲུག་ཡོངས་ནས་ཐུགས་འཇགས་གནང་གལ་མཐོང་བས་དེ་དོན་ཁྱབ་ཁོངས་སློབ་གྲྭ་ཡོངས་ལ་བརྡ་ཁྱབ་གནང་དགོས། ཞེས་གསུངས་འདུག

བསྟན་འཛིན་ཕུར་བུ།

བསྐྱར་བཅོས།: ༢༠༢༠/༡༠/༠༦

Leave a Reply