སྤྱི་འཐུས་བློ་བཟང་ཆོས་འབྱོར་ལགས་ལ་ཉན་ཞིབ་བརྡ་ཐོ་ཐེངས་གཉིས་པ་བཏང་།

ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་བརྩི་བཀུར་མ་ཞུས་པ་དང་ཁྱད་གསོད་བྱས་པ་མ་ཡིན་པའི་རྒྱུ་མཚན་བརྗོད་ཆེད་ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་སྤྱི་འཐུས་རྒྱུན་ལས་བློ་བཟང་ཆོས་འབྱོར་ལགས་ལ་ཉན་ཞིབ་གནང་གཏན་འཁེལ་བའི་བརྡ་ཐོ་གཉིས་པ་བཏང་ཡོད་འདུག

དེ་རིང་ཉིན་གུང་ཆུ་ཚོད་ ༡༢།༣༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་གསལ་བསྒྲགས་གནང་བ་ལྟར་ན། བོད་མི་མང་སྤྱི་འཐུས་རྒྱུན་ལས་བློ་བཟང་ཆོས་འབྱོར་ལགས་ལ་ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༢།༣༠ ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཉན་ཞིབ་ཀྱི་བརྡ་ཐོ་ཐེངས་དང་པོར་བརྩི་བཀུར་མ་ཞུས་པ་མིན་པ་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཁྱད་གསོད་བྱས་པ་མ་ཡིན་པའི་རྒྱུ་མཚན་བརྗོད་དུ་འཇུག་རྒྱུའི་ཉན་ཞིབ་ཀྱི་བརྡ་ཐོ་ཐེངས་གཉིས་པ་ཞིག་བཏང་ཡོད་འདུག

ཁྲིམས་ཞིབ་ཁང་གི་གསལ་བསྒྲགས་ནང་། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༢༩ ཉིན་གྱི་ཉིན་གུང་ཆུ་ཚོད་ ༡༢།༠༠ ཐོག སྤྱི་འཐུས་རྒྱུན་ལས་བློ་བཟང་ཆོས་འབྱོར་ལགས་ལ་ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༢ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༢།༣༠ སྟེང་ཉན་ཞིབ་བྱེད་གཏན་འཁེལ་འདུག་པའི་བརྡ་ཐོ་སྐྱེལ་མཁན་སྤྱི་འཐུས་རྒྱུན་ལས་ཡིག་ཚང་དུ་ཆེད་གཏོང་གནང་བར། སྤྱི་འཐུས་བློ་བཟང་ཆོས་འབྱོར་ལགས་ནས་བརྡ་ཐོའི་ངོ་བཤུས་བཀླགས་ཏེ་མིང་རྟགས་འགོད་སར་ཚེས་གྲངས་བཀོད་རྗེས་བྲིས་གསུབ་བཏང་ནས་བརྡ་ཐོ་ངོ་མ་ཁ་མ་བསྔོགས་པར་ཕྱིར་སློག་གནང་ཡོད་སྟབས།  ཁྲིམས་ཞིབ་ཁང་གི་བརྡ་ཐོར་བརྩི་བཀུར་ཉམས་ལེན་མ་ཞུས་ཚེ་ཆད་འགེལ་བྱེད་དགོས་ཆགས་རྒྱུ་ཡིན་པས། དོ་བདག་ལ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བརྡ་ཐོར་བརྩི་བཀུར་མ་བྱས་པ་མིན་པ་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཁྱད་གསོད་བྱས་པ་མ་ཡིན་པའི་རྒྱུ་མཚན་བརྗོད་དུ་འཇུག་རྒྱུའི་ཉན་ཞིབ་ཀྱི་དུས་ཚེས་ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༣ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༢།༣༠ སྟེང་ཉན་ཞིབ་བྱེད་གཏན་འཁེལ་ཡོད་སྐོར་བཀོད་འདུག

ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༢༧ ཉིན་འདི་ག་བོད་ཀྱི་དུས་བབ་དྲ་རྒྱའི་སྟེང་། བོད་མི་མང་སྤྱི་འཐུས་རྒྱུན་ལས་བློ་བཟང་ཆོས་འབྱོར་ལགས་ཀྱིས་ད་ཐེངས་ཁྲིམས་ཞིབ་ཁང་ལ་རྒྱུ་མཚན་འདང་ངེས་ཡོད་པར་མ་མཐོང་ཞེས་པའི་རྩོམ་ཡིག་ཅིག་སྤེལ་བར་བརྟེན། ཟླ་དེའི་ཕྱི་ཚེས་ ༢༩ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་གསལ་བསྒྲགས་ཤིག་གནང་སྟེ། བློ་བཟང་ཆོས་འབྱོར་ལགས་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཁྱད་གསོད་བྱས་པ་མ་ཡིན་པའི་རྒྱུ་མཚན་བརྗོད་དུ་འཇུག་སླད། ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༢ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༢།༣༠ སྟེང་ཉན་ཞིབ་བྱེད་གཏན་ཁེལ་བའི་བརྡ་ཐོ་བཏང་གནང་ཡོད་པ་དང་། ཕྱི་ཟླ་ ༩ ཚེས་ ༣༠ ཉིན་སྤྱི་འཐུས་བློ་བཟང་ཆོས་འབྱོར་ལགས་ཀྱིས་སྒེར་གྱི་ངོ་དེབ་སྟེང་ཐུགས་བློ་བདེ་བར་མཛོད་ཅེས་པའི་གསལ་བསྒྲགས་ཤིག་གནང་སྟེ། དགོངས་སེལ་ཞུ་རྒྱུར་ཐེ་ཚོམ་ནེམ་ནུར་གང་ཡང་མེད་སྐོར་བརྗོད་ཡོད་པ་རེད།

ཁོང་གི་གསལ་བསྒྲགས་དེའི་ནང་དུ། དཔལ་ལྡན་ཆེས་མཐོའི་ཁྲིམས་ཁང་ལ་ཆེད་བཅར་ཐོག ཁྱད་གསོད་ཞུ་རྒྱུའི་ཕུགས་ཀྱི་ཀུན་སློང་དང་དངོས་ཀྱི་སྦྱོར་བ། མཐའི་དམིགས་ཡུལ་བཅས་དྲི་ཙམ་ཡང་མེད་པ་གུས་ཞབས་ལྡན་པའི་ངང་ཞུ་འཆར་དང་། མ་ཤེས་རྨོངས་ཤིང་། ཁྲིམས་དོན་གྱི་མཐིལ་མ་རྟོགས་པར་གོ་བ་ལོག་པར་བླངས་པ་ཡོད་ཚེ་དགོངས་སེལ་ཞུ་རྒྱུར་ཐེ་ཚོམ་ནེམ་ནུར་གང་ཡང་མེད་པས། དམ་གཙང་ལྷ་མིའི་ཚོགས་ཀྱིས་ཐུགས་བློ་ཤིན་ཏུ་ནས་བདེ་བར་མཛོད་ཅེས་ཞུ་བ་ལགས་སོ། ཞེས་བརྗོད་འདུག

དེ་རིང་ཕྱི་དྲོར་འདི་གའི་གསར་འགོད་པས་ཞལ་པར་བརྒྱུད་སྤྱི་འཐུས་བློ་བཟང་ཆོས་འབྱོར་ལགས་ལ་ཁྲིམས་ཞིབ་ཁང་ནས་ཉན་ཞིབ་བརྡ་ཐོ་ཐེངས་གཉིས་པ་ཞིག་གཏོང་དགོས་པའི་གནས་སྟངས་ག་འདྲ་ཆགས་པ་ཡིན་མིན་བཀའ་འདྲི་ཞུས་པར་ཁོང་གིས། ད་ལྟ་དེའི་སྐོར་ལ་ལན་གང་ཡང་མེད་སྐོར་བརྗོད་བྱུང་།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༡༠/༠༦

Leave a Reply

7 thoughts on “སྤྱི་འཐུས་བློ་བཟང་ཆོས་འབྱོར་ལགས་ལ་ཉན་ཞིབ་བརྡ་ཐོ་ཐེངས་གཉིས་པ་བཏང་།

  1. ལས་ཁུངས་ལས་ཀ་མེད་པས། ཡི་གེ་ཕར་བཏང་ཆུར་བཏང།
    དེ་འདྲའི་སྤྱི་ཁྲིམས་གཉིས་པོ་། དམངaས་ལ་ངོ་ཚ་དགོས་སོ།

  2. ཁྲིམས་དཔོན།

    གནས་ཚུལ་ཁུངས་ལྡན་ལྟར་ན། མི་བྱེད་དགུ་བྱེད་ཚང་མ། ཁྲིམས་དྲུང་ར་བཟི་བཀྲ་ཤིས་རྒྱ་མཚོ་་ཟེར་པས། ཁྲིམས་དཔོན་རྣམ་པར་ཕྲ་མ་བཅུག་ནས་་་་ཉན་ཞིབ་བྱེད་ཀྱི་ཡོད་རེད་ཟེར། ཐུག་ས་། ཤར་ཁུག་གིས་སྤེན་ཚེར་རྒྱབ་སྐྱོར་མ་བྱས་པས་རེད་ཟེར་་་་ཧཧཧཧཧཧཧ སྒེར་ནད་སྤྱི་སྤུངས་་་་