༧གོང་ས་ཏཱ་ལའི་བླ་མ་མཆོག་གི་རིག་ཚན་ཞིག་གསར་འཛུཊ་གནང་རྒྱུ་ཡིན་འདུག

རྒྱ་གར་གྱི་མ་ཧཱ་ར་ཤི་ཊ་མངའ་སྡེའི་འཕྲུལ་རིག་སློབ་གཉེར་ཁང་དུ་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་རིག་ཚན་ཞིག་གསར་འཛུཊ་གནང་སྟེ་དཔལ་ནཱ་ལེནྡྲའི་རིག་གཞུང་དང་༧གོང་ས་མཆོག་གི་བཀའ་དགོངས་སོགས་ཀྱི་སྐོར་ལ་སློབ་གཉེར་གནང་རྒྱུ་ཡིན་འདུགཟླ་འདིའི་ཕྱི་ཚེས་ ༤ ཉིན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཀུན་ཕན་ཐེབས་རྩ་ (Foundation for Universal Responsibility Of His Holiness the Dalai Lama) དང་། རྒྱ་གར་གྱི་མ་ཧཱ་ར་ཤི་ཊ་མངའ་སྡེའི་འཕྲུལ་རིག་སློབ་གཉེར་ཁང་ (The Maharashtra Institute of Technology) གཉིས་ཀྱིས་གསལ་བསྒྲགས་ཤིག་སྤེལ་གནང་བའི་ནང་། གཙུག་ལག་སློབ་གཉེར་ཁང་དེར་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་རིག་ཚན་ཞིག་གསར་དུ་བཙུགས་ཏེ། དཔལ་ནཱ་ལེནྡྲའི་རིག་གཞུང་དང་༧གོང་ས་མཆོག་གི་བཀའ་དགོངས་སོགས་ཀྱི་སྐོར་ལ་སློབ་གཉེར་གནང་རྒྱུ་ཡིན་འདུག

གསལ་བསྒྲགས་དེ་ནི། ཟླ་འདིའི་ཕྱི་ཚེས་ ༢ ནས་ཉིན་གྲངས་གསུམ་རིང་མ་ཧཱ་ར་ཤི་ཊ་མངའ་སྡེའི་གོ་ལའི་ཞི་བདེ་གཙུག་ལག་སློབ་གཉེར་ཁང་ (MIT World Peace University) དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཀུན་ཕན་ཐེབས་རྩ་གཉིས་ཀྱིས། དྲ་ལམ་བརྒྱུད་ཕྱི་ལོ་ ༢༠༢༠ ལོའི་ཚན་རིག་དང་ཆོས་ལུགས། ལྟ་གྲུབ་བཅས་ཀྱི་འཛམ་གླིང་གི་གྲོས་ཚོགས་ཐེངས་ ༦ པའི་ (The 6th World Parliament of Science, Religion and Philosophy 2020) ཐོག་ཡོངས་ཁྱབ་གནང་ཡོད་པ་དང་། དྲ་ལམ་ཚོགས་འདུ་དེའི་ཐོག་བསམ་བློ་བ་དང་ཆོགས་ལུགས་ཀྱི་དབུ་ཁྲིད། ཚན་རིག་པ་དང་སློབ་གསོ་བ་སོགས་མཉམ་ཞུགས་གནང་ཡོད་འདུག་ལ། ཚོགས་འདུ་དེའི་ཐོག་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གི་གསལ་བསྒྲགས་གནང་འདུག

འདི་གའི་གསར་འགོད་པས་ཞལ་པར་བརྒྱུད་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཀུན་ཕན་ཐེབས་རྩའི་ལས་འཆར་འགན་འཛིན་ནོར་འཛིན་བདེ་སྐྱིད་ལགས་སུ་དེའི་སྐོར་བཀའ་འདྲི་ཞུ་སྐབས་ཁོང་མོས། ཀུན་ཕན་ཐེབས་རྩ་དང་གཙུག་ལག་སློབ་གཉེར་ཁང་གཉིས་ཀྱིས་རིག་ཚན་དེ་སྐྲུན་ཐབས་སུ་རྒྱུས་ལོན་ཆོད་ཡིག་ (MoU) ཞིག་བཞག་ཡོད་པ་དང་། ལས་མིའི་ཚོགས་ཆུང་གསར་འཛུགས་བྱས་ཏེ་མཉམ་འབྲེལ་གྱིས་༧གོང་ས་ཏཱ་ལའི་བླ་མའི་རིག་ཚན་དང་ལྟེ་གནས་དེ་ཡུན་རིང་གནས་ཐབས་ཀྱི་སྒྲོམ་གཞི་ཞིག་གི་ཐོག་ཕྱག་ལས་གནང་རྒྱུའི་ཐག་གཅོད་བྱུང་ཡོད་སྐོར་བརྗོད་བྱུང་།ཉིན་གྲངས་གསུམ་གྱི་ཚོགས་འདུ་དེའི་བརྗོད་གཞི་གཙོ་བོ་ནི་ད་ལྟའི་འཛམ་གླིང་ནང་འཕྲད་བཞིན་པའི་དཀའ་ངལ་ཆེ་ཁག་སྟེ། རྡུལ་ཕྲན་མཚོན་ཆ་སོགས་རྩ་མེད་བཟོ་བ་དང་གནམ་གཤིས་འགྱུར་ལྡོག་གི་གནད་དོན་སོགས་ལ་བརྟེན་ནས་འཛམ་གླིང་ཞི་བདེ་ཡོང་བར་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཅི་ཐེབས་སོགས་ཀྱི་ཐོག་གཏམ་བཤད་དང་བགྲོ་གླེང་གནང་ཡོད་འདུག་ལ། ཚོགས་འདུའི་མཇུག་བསྡོམས་གསུངབཤད་སྐབས། མ་ཧཱ་ར་ཤི་ཊ་མངའ་སྡེའི་གོ་ལའི་ཞི་བདེ་གཙུག་ལག་སློབ་གཉེར་ཁང་ (MIT World Peace University) གི་སློབ་དཔོན་ཆེན་མོ་ཝི་ཤི་ཝ་ན་ཐི་ཀ་རཌ་ (Vishwanath D. Karad) ལགས་ཀྱིས། འཛམ་གླིང་གི་ནད་ཡམས་ཆེན་མོ་དང་དྲག་སྤྱོད། འཇིགས་སྐུལ་རིང་ལུགས་དང་མི་མང་སྡེབ་གསོད། ཕན་ཚུན་དབར་ཐེ་ཚོམ་གྱི་གཞི་མ་སོགས་ཉུང་དུ་གཏོང་ཐབས་སུ། ཚན་རིག་དང་ཆོས་ལུགས་ལ་གོ་རྟོགས་ཡོད་ཐོག་མིའི་ཀུན་སྤྱོད་གཞི་ལ་བཞག་པའི་གོ་ལ་རང་བཞིན་གྱི་སློབ་གསོའི་ལམ་ལུགས་ཤིག་ཧ་ཅང་དགོས་ངེས་ཅན་ཞིག་ཡིན་པ་རེད། ཐེངས་འདིའི་དྲ་ཐོག་གི་ཚོགས་འདུ་འདི་ཡིས་ཞི་བདེ་གོང་སྤེལ་དང་འཛམ་གླིང་ཞི་བདེ་སྐྲུན་ཐབས་སུ་གཞོན་སྐྱེས་མང་པོ་ཞིག་ལ་ངེས་ཤེས་རྙེད་ཡོད་པའི་རེ་བ་ཡོད། ཅེས་བརྗོད་འདུག

དེ་བཞིན་ཚོགས་འདུ་གོ་སྒྲིག་ཚོགས་ཆུང་གི་དྲུང་ཆེ་རཱ་ཧུལ་ཀ་རཌ་ (Shri Rahul V. Karad) ལགས་ཀྱིས། ཏོག་དབྱིབས་གཉན་རིམས་ཀྱིས་ང་ཚོའི་སྤྱི་ཚོགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་དང་། གོ་ལ་ཧྲིལ་བོའི་ཞི་བདེ་དང་བདེ་འཇགས་ལ་དོ་ཕོགས་ཆེན་པོ་བཏང་ཡོད་པ་རེད། དེ་བཞིན་འགྲོ་བ་མིའི་ཚེ་སྲོག་འཕྲོག་བཞིན་པའི་སྐབས་འདིར་ང་ཚོས་རང་ཉིད་ཀྱི་བློ་སྟོབས་བསྐྱེད་དེ་མཉམ་གཅིག་ཏུ་གདོང་ལེན་བྱེད་པའི་དུས་ལ་སླེབས་ཡོད་ལ། ལོ་ལྟར་ཚོགས་འདུའི་སྐབས་སུ་ང་ཚོས་ལས་རིགས་འདྲ་མིན་གྱི་མགོ་ཁྲིད་པ་གདན་ཞུ་བྱས་ཏེ། གཞོན་སྐྱེས་ཚོར་སྡིངས་ཆ་ཞིག་བསྐྲུན་ཏེ་སྤྱི་ཚོགས་ཁྱོན་ཡོངས་ཀྱི་ངོས་ནས་གནས་དོན་ལ་ལྟ་སྟངས་དང་། འཛམ་གླིང་ཞི་བདེ་དང་དཀའ་རྙོག་ཉུང་དུ་གཏོང་ཐབས་ཀྱི་སྒྲོམ་གཞི་ཞིག་བཟོ་ཐབས་བྱེད་བཞིན་ཡོད་སྐོར་བརྗོད་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་པ་ནི་རྒྱ་གར་གྱི་གནའ་བོའི་རིག་གཞུང་རྣམས་རྒྱ་གར་རང་གི་ནང་བསྐྱར་གསོ་མཛད་ཐབས་གནང་རྒྱུ་དེ་ཡིན་ལ།  ཉེ་བའི་ལོ་ཤས་རིང་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་སློབ་གྲྭ་དང་ཤེས་ཡོན་ལྟེ་གནས་སོགས་གང་དུ་ཕེབས་ཀྱང་རྒྱ་གར་གྱི་གནའ་བོའི་རིག་གཞུང་རྩ་ཆེན་པོ་དེས། དཀའ་རྙོག་ཆེ་བའི་དེང་གི་དུས་སུ་འཛམ་གླིང་སྤྱི་ཡོངས་ལ་ཕན་ཐོགས་བསྒྲུབ་སླད་སླར་གསོ་ཡོང་ཐབས་དགོས་པའི་བཀའ་སློབ་ལམ་སྟོན་ཡང་ཡང་ཕེབས་ཀྱི་ཡོད་ལ། འདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གྷོ་ཝ་གཙུག་ལག་སློབ་གཉེར་ཁང་ (Goa University) དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཏེ། སློབ་གཉེར་ཁང་དེ་དང་མཉམ་འབྲེལ་གྱིས་དེར་དཔལ་ནཱ་ལེནྡྲའི་རིག་གཞུང་སྐོར་ལ་སློབ་གཉེར་གནང་ཆེད་ཏཱ་ལའི་བླ་མའི་རིག་ཚན་ (The Dalai Lama Chair) ཞུ་བ་དེ་གསར་འཛུགས་གནང་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༡༠/༠༦

Leave a Reply

2 thoughts on “༧གོང་ས་ཏཱ་ལའི་བླ་མ་མཆོག་གི་རིག་ཚན་ཞིག་གསར་འཛུཊ་གནང་རྒྱུ་ཡིན་འདུག

  1. རྒྱ་གར་བོད་དོན་ཐོག་ཁ་དུར་ཁོག་འདྲ་གཅིག་བཙུམ། དགའ་ལྡན་ཕོ་བྲང་དངུལ་བཅོམ་ཡ་དང་ ༧གོང་ས་མཆོག་གི་མཚན་ ཚོང་ཟོག་བེད་སྤྱོད་བྱེད་ཡ་ལ་ མིང་འདྲ་ཆགས་པོ་དན་འདྲ་བཏགས། (IUHHFE) India Use His Holiness For Enterprises. Good 😌 Thank Q India