འོས་བསྡུའི་གྲུབ་འབྲས་རྩིས་མེད་བཏང་སྟེ་སྲིད་འཛིན་ཉེན་གཡོལ་དུ་ཕྱིན།

ཨུ་རུ་སུའི་དབང་བསྒྱུར་འོག་ནས་རང་བཙན་ཐོབ་པའི་ཁེར་རྗེ་སི་ཐན་རྒྱལ་ཁབ་ནང་འོས་བསྡུའི་གྲུབ་འབྲས་དྲང་བདེན་བྱུང་མེད་པའི་རྩོད་རྙོག་བྱུང་སྟེ་སྲིད་འཛིན་ཉེན་གཡོལ་དུ་ཕྱིན་པ་དང་སྲིད་བློན་དང་གྲོས་ཚོགས་ཚོགས་གཙོས་རྩ་དགོངས་ཞུས་ཡོད་འདུགདེ་རིང་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་ཕྱི་ཚེས་ ༦ ཉིན་ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་ཁེར་རྗེ་སི་ཐན་ (Kyrgyzstan) གྱི་དབུས་འོས་བསྡུ་ལས་ཁང་གིས། ཕྱི་ཚེས་ ༤ ཉིན་བསྡུས་པའི་ཡུལ་དེའི་རྒྱལ་ཡོངས་འོས་བསྡུའི་ནང་། གཞུང་འཛིན་ཚོགས་པས་དྲང་བདེན་བྱས་མེད་པའི་སྐྱོན་འཛུགས་འོག མི་མང་གིས་འོས་བསྡུའི་གྲུབ་འབྲས་ལ་ངོས་ལེན་མེད་པའི་ངོ་རྒོལ་ལས་འགུལ་ཤུགས་ཆེར་སྤེལ་བར་བརྟེན། ཟིང་འཁྲུག་ཞི་འཇགས་ཆེད་འོས་བསྡུའི་གྲུབ་འབྲས་དེ་ཉིད་རྩིས་མེད་བཏང་བའི་གསལ་བསྒྲགས་སྤེལ་ཡོད་པ་དང་བསྟུན། ཡུལ་དེའི་སྲིད་འཛིན་ཉེན་གཡོལ་དུ་ཕྱིན་པ་དང་།  སྲིད་བློན་ཀུ་བྷཌ་བྷེག་བྷོ་རོ་ནོབ་ (Kubatbek Boronov)དང་གྲོས་ཚོགས་ཀྱི་ཚོགས་གཙོ་ཌ་སི་ཏན་ཇུ་མ་བྷེ་ཀོབ་ (Dastan Jumabekov) གཉིས་ཀྱིས་རྩ་དགོངས་ཞུས་ཡོད་འདུག་ལ། ཁ་གཏད་སྲིད་དོན་ཚོགས་པ་ ༡༣  མཉམ་འབྲེལ་གྱིས་སྲིད་ཚབ་བསྐོས་ཡོད་འདུག

ད་ལྟའི་ཆར་སྲིད་བློན་བྷོ་རོ་ནོབ་ཀྱི་ཕྱོགས་གཏོགས་སྲིད་འཛིན་ཇིན་བྷེ་ཀོབ་ (Sooronbay Jeenbekov) ཀྱིས་རྩ་དགོངས་ཞུས་མེད་ནའང་། མི་མང་གི་ངོ་རྒོལ་ལས་འགུལ་སྤེལ་སྐབས་སྲིད་འཛིན་ཕོ་བྲང་ནས་བྲོས་བྱོལ་དུ་སོང་སྟེ། བརྙན་ལམ་བརྒྱུད་མང་ཚོགས་ལ་གཏམ་བཤད་ཅིག་སྤེལ་བའི་ནང་། དབུས་འོས་བསྡུ་ལས་ཁང་ངོས་ནས་འོས་བསྡུའི་སྒྲིག་གཞི་དང་འགལ་བའི་གནད་དོན་ཁག་ལ་ཞིབ་འཇུག་བྱས་ཏེ། འོས་བསྡུའི་གྲུབ་འབྲས་རྩིས་མེད་གཏོང་དགོས་བྱུང་ཚེ། དེ་ལྟར་བྱ་དགོས་པ་དང་། གནད་དོན་འདི་ཞི་འགྲིག་ཡོང་ཆེད། སྲིད་འཛིན་གྱི་ལས་གནས་དེ་འཇོན་ནུས་ཅན་གྱི་མགོ་འཁྲིད་གཞན་ཞིག་ལ་སྤྲོད་རྒྱུའི་གྲ་སྒྲིག་ཆ་ཚང་ཡོད་སྐོར་བརྗོད་འདུག་པ་དང་། ཡང་བརྙན་ཐུང་གཞན་ཞིག་གི་ནང་ཁོང་གིས། ལས་འགུལ་བ་རྣམས་ཀྱི་དམིགས་ཡུལ་གཙོ་བོ་ནི་འོས་བསྡུའི་གྲུབ་འབྲས་རྩིས་མེད་གཏོང་དུ་རྒྱུ་དེ་མིན་པར། སྲིད་འཛིན་ལས་ཐོག་གནས་དབྱུང་གཏོང་ཆེད་ཡིན་པ་དང་། ཆབ་སྲིད་ཀྱི་ཤོག་ཁག་རེ་འགས་འོས་བསྡུའི་གྲུབ་འབྲས་བཀོལ་སྤྱོད་བྱས་ཏེ་རྒྱལ་ཁབ་ཀྱི་ཁྲིམས་སྒྲིག་ཁག་རྡོག་རོལ་གཏོང་གི་ཡོད་སྐོར་སྐྱོན་བརྗོད་བྱས་ཡོད་འདུགཟླ་འདིའི་ཕྱི་ཚེས་ ༤ ཉིན་གྱི་ཁེར་རྗེ་སི་ཐན་གྱི་གྲོས་ཚོགས་འཐུས་མིའི་འོས་བསྡུ་དེར་ཡུལ་དེའི་སྲིད་དོན་ཚོགས་པ་ ༡༦ མཉམ་ཞུགས་བྱས་ཡོད་ཀྱང་། སྲིད་དོན་ཚོགས་པ་བཞི་ལ་མ་གཏོགས་གྲོས་ཚོགས་འཐུས་མིའི་ཞབས་བཀྱག་ཐོབ་མེད་ཅིང་། དེ་དག་ཁྲོད་ནས་ཚོགས་པ་གསུམ་སྲིད་འཛིན་ཇིན་བྷེ་ཀོབ་ཀྱི་ཕྱོགས་གཏོགས་ཡིན་པ་དང་། འོས་བསྡུའི་སྐབས་ཁ་གཏད་ཚོགས་པ་རྣམས་ཀྱིས་གཞུང་འཛིན་ཚོགས་པས་འོས་འཕེན་པར་དངུལ་དངོས་སྤྲད་དེ་འོས་ཤོག་ཉོས་པ་དང་། འོས་འཕེན་པར་འཇིགས་སྐུལ་བྱས་ཡོད་པའི་སྐྱོན་འཛུགས་བྱེད་ཀྱི་ཡོད་པ་རེད།

ཟླ་འདིའི་ཕྱི་ཚེས་ ༥ ཉིན་ཡུལ་དེའི་ཁ་གཏད་སྲིད་དོན་ཚོགས་པ་ ༡༢ གྱིས་མཉམ་འབྲེལ་ཐོག་འོས་བསྡུའི་གྲུབ་འབྲས་ལ་ངོས་ལེན་མེད་པའི་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་མ་ཟད། ཉིན་དེ་རང་ལ་ཡུལ་དེའི་རྒྱལ་ས་བྷི་ཤི་ཀེག་ (Bishkek) ཏུ་མང་ཚོགས་ ༥༠༠༠ ལྷག་འདུ་འཛོམས་ཀྱིས་གཞུང་ལ་ངོ་རྒོལ་སྐད་འབོད་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་ཡོད་པ་དང་། ཉིན་དེའི་ཕྱི་དྲོ་ཙམ་ལ་ལས་འགུལ་བས་སྲིད་འཛིན་ཕོ་བྲང་དང་གྲོས་ཚོགས་ཚོགས་ཁང་ནང་འཛུལ་ཏེ་གཏོར་བཅོམ་བཏང་ཡོད་ལ། ཁ་སང་ངོ་རྒོལ་ལས་འགུལ་བས་བཙོན་ཁང་ནང་ཡོད་པའི་ཡུལ་དེའི་སྲིད་འཛིན་ཟུར་པ་ཨཱལ་མ་རྫི་བྷེག་ཨ་ཏམ་བྷ་ཡེབ་ (Almazbek Atambayev) དང་། ཁ་གཏད་སྲིད་དོན་ཚོགས་པའི་མགོ་འཁྲིད་སཱ་ཌིར་ཛ་པ་རོབ་ (Sadyr Zhaparov) གཉིས་བཙོན་ཁང་ནས་གློད་གྲོལ་གཏོང་དུ་བཅུག་ཡོད་འདུགཁ་སང་ཡུལ་དེའི་གྲོས་ཚོགས་ཀྱིས་ཛ་དྲག་ཚོགས་འདུ་བསྐོངས་པའི་ཐོག་སྲིད་བློན་བྷོ་རོ་ནོབ་དང་། གྲོས་ཚོགས་ཀྱི་ཚོགས་གཙོ་ཌ་སི་ཏན་ཇུ་མ་བྷེ་ཀོབ་ (Dastan Jumabekov) གཉིས་ཀྱིས་རྩ་དགོངས་ཞུས་པར་བརྟེན། ཁ་གཏད་སྲིད་དོན་ཚོགས་པས་མགྲོན་ཁང་ཞིག་གི་ནང་གྲོས་ཚོགས་བསྐོངས་ཏེ། ཉིན་དེའི་ཞོགས་པར་བཙོན་ཁང་ནས་གློད་གྲོལ་བཏང་བའི་མེ་ཁེན་ཆིལ་ (Mekenchil) ཁ་གཏད་ཚོགས་པ་གསར་འཛུགས་བྱེད་མཁན་སཱ་ཌིར་ཛ་པ་རོབ་སྲིད་ཚབ་ཏུ་བསྐོ་གཞག་བྱས་ཡོད་འདུག་པ་དང་། ཁ་གཏད་སྲིད་དོན་ཚོགས་པ་ ༡༣ གྱིས་མཉམ་འབྲེལ་གྱི་ལྷན་ཚོགས་ཤིག་གསར་འཛུགས་བྱས་ཏེ། གནས་སྐབས་རིང་ཡུལ་དེའི་སྲིད་དབང་བཟུང་སྟེ་གནད་དོན་རྣམས་ཐག་གཅོད་བྱ་རྒྱུ་ཡིན་སྐོར་བསྒྲགས་ཡོད་འདུག

ཁ་སང་ཁེར་རྗེ་སི་ཐན་གྱི་དཔལ་འབྱོར་ལྷན་ཁང་གིས་གཞུང་གསར་པ་ཞིག་མ་འཛུགས་བར་དུ་གཞུང་འབྲེལ་ལས་དོན་ཡོངས་རྫོགས་མཚམས་འཇོག་བྱ་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་དང་། དེ་བཞིན་ཡུལ་དེའི་གྲོང་སྡེ་དཔོན་མི་ཉུང་བས་རང་གི་ལས་གནས་ནས་རྩ་དགོངས་ཞུས་པ་དང་། ཁ་སང་ཕྱི་དྲོར་གཞུང་ལམ་སྟེང་ཉེན་རྟོག་པ་གཅིག་རྐྱང་མཐོང་རྒྱུ་མེད་པའི་གནས་སྟངས་ཆགས་ཡོད་འདུག

དབྱེ་ཞིབ་པས་ད་ཐེངས་ཀྱི་རྒྱལ་ཡོངས་འོས་བསྡུའི་ནང་དྲང་བདེན་བྱུང་མེད་པའི་གནས་ཚུལ་ཐོན་ཡོད་ནའང་། ད་ལྟའི་དབང་ཆའི་བར་སྟོང་འདིས་དབང་ཆ་འཐབ་རྩོད་ཀྱི་འཁྲུག་རྩོད་ཅིག་སློང་སྲིད་པ་མ་ཟད། ད་ལྟ་ཁ་གཏད་སྲིད་དོན་ཚོགས་པའི་དབར་ལའང་སུས་དབང་ཆ་འཛིན་མིན་གྱི་ཐད་འགལ་ཟླ་འབྱུང་བཞིན་ཡོད་སྐོར་རྗོད་ཀྱིན་འདུག་ལ། ད་ལྟའི་ཆར་ཡུལ་དེའི་སྲིད་འཛིན་ཇིན་བྷེ་ཀོབ་ཀྱིས་རྩ་དགོངས་ཞུས་མེད་ནའང་། སྔ་ཕྱིས་མ་གཏོགས་མང་ཚོགས་དང་ཁ་གཏད་ཚོགས་པའི་གནོན་ཤུགས་ཀྱི་རྐྱེན་པས་རྩ་དགོངས་མ་ཞུ་ཐབས་མེད་ཆགས་རྒྱུ་ཡིན་སྐོར་རྗོད་ཀྱིན་འདུག

ད་ལན་གྱི་ཀེར་རྗེ་སི་ཐན་གྱིས་སྲིད་འཛིན་གནས་དབྱུང་གཏོང་ཐབས་དེ་ཐེངས་དང་པོ་རེད་མི་འདུག  ཕྱི་ལོ་  ༡༩༩༡ ལོར་ཨུ་རུ་སུ་ (Soviet Union) ནས་རང་བཙན་ཐོབ་སྟེ། ཕྱི་ལོ་ ༢༠༠༥ ལོར་སྲིད་འཛིན་ཨ་སི་ཀར་ཨ་ཀ་ཡེབ་ (Askar Akayev) དང་། ཕྱི་ལོ་ ༢༠༡༠ ལོར་སྲིད་འཛིན་ཀུར་མན་བྷེག་བྷ་ཀི་ཡེབ་ (Kurmanbek Bakiyev) གཉིས་ཀ་གནས་དབྱུང་བཏང་ཡོད་འདུག་ལ། འདས་པའི་ལོ་ངོ་བཅུ་ཕྲག་གཅིག་དེ་སྔར་དང་བསྡུར་ན་ཅུང་ཞི་འཇགས་བྱུང་ཡོད་ནའང་། མང་ཚོགས་ཁྲོད་ད་ལྟའི་གཞུང་འཛིན་པས་ཨུ་རུ་སུ་དང་འབྲེལ་བ་ཟབ་ཏུ་གཏོང་མགོ་བཙུགས་ཏེ་ཀེར་རྗེ་སི་ཐན་གྱི་རང་བཙན་གནས་བབ་ལ་དོ་ཕོག་གཏོང་གི་ཡོད་པ་དང་། གཞུང་འཛིན་ཁྲོད་ལྐོག་ཟ་རུལ་སུངས་དང་། ལྷག་ཏུ་འདི་ལོའི་ཏོག་དབྱིབས་རིམས་འགོག་བྱ་འགུལ་ཐད་སྟངས་འཛིན་ལེགས་པོ་བྱས་ཐུབ་མེད་པའི་བསམ་ཚུལ་ཤུགས་ཆེན་པོ་སླེབས་ཡོད་འདུགཨུ་རུ་སུ་ནས་རང་བཙན་ཐོབ་པའི་ཨེ་ཤ་ཡ་དབུས་མའི་རྒྱལ་ཁབ་ལྔའི་ཁྲོད་ནས་ཀེར་རྗེ་སི་ཐན་ཁོ་ན་ལས་གཞན་རྣམས་ད་དུང་དབང་ཆ་གཅིག་སྡུད་རིང་ལུགས་ཀྱི་སྲིད་དབང་འོག་ཡོད་པ་དང་། འདས་པའི་ལོ་ངོ་ ༣༠ མ་ཟིན་ཙམ་རིང་ཨུ་རུ་སུ་དང་། ཨ་རི། རྒྱ་ནག་བཅས་ཀྱིས་མི་འབོར་ས་ཡ་ ༦།༥ ཙམ་ལས་མེད་པའི་རྒྱལ་ཁབ་ཆུང་ཆུང་འདིར་རང་གི་གནོན་ཤུགས་སླེབས་ཐབས་བྱས་ཡོད་ནའང་། ད་ལྟའི་ཆར་ཨུ་རུ་སུའི་ཤུགས་རྐྱེན་ཆེ་ཤོས་ཡོད་པ་མ་ཟད། ད་ཐེངས་ཀྱི་འོས་བསྡུའི་རྩོད་རྙོག་དེར་ཨུ་རུ་སུས་ལྟ་རྟོག་བྱེད་མུས་ཡིན་སྐོར་བརྗོད་ཡོད་ལ། ཡུལ་དེར་ཡོད་པའི་ཨུ་རུ་སུའི་མཁའ་དམག་རྟེན་གཞིའི་བདེ་འཇགས་ཐད་ལའང་དོགས་ཟོན་བྱེད་ཀྱི་ཡོད་སྐོར་བསྒྲགས་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༡༠/༠༧

Leave a Reply