བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ཏེ་མི་ལོ་ ༥༠ འཁོར་བའི་དུས་དྲན་ཚོགས།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ནས་གཞོན་ལྷན་རྒྱུན་ལས་ཚོས་སྲོག་ལ་ཐུག་ན་ཡང་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་གཞི་དང་གྲོས་གཞི་ཁག་བློས་གཏོང་མི་བྱེད་པའི་དམ་བཅའ་བཞག་ཡོད་སྐོར་བརྗོད་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩:༣༠ སྟེང་། བཞུགས་སྒར་ངྷ་སའི་བོད་ཀྱི་ཟློས་གར་ཚོགས་ཁང་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ཏེ། མི་ལོ་ཧྲིལ་བོ་ ༥༠ འཁོར་བའི་རྟེན་འབྲེལ་མཛད་སྒོ་སྟབས་བདེ་ཞིག་ཚོགས་སོང་བ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་གསར་འཛུགས་གནང་མཁན་གྲས་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་དགེ་རྒྱས་མཆོག་དང་། དམིགས་བསལ་སྐུ་མགྲོན་ཏུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་བ་དང་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གི་གཙོའི་སྤྱི་འཐུས་རྒྱུན་ལས་ཁག་ཅིག་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་འགན་འཛིན་དང་སྐུ་ཚབ་རྣམ་པ། བོད་སློབ་ཁག་གི་དབུ་འཛིན་དང་སྐུ་ཚབ་སོགས་མི་གྲངས་ ༡༠༠ ལྷག་འཛོམས་འདུག

མཛད་སྒོའི་ཐོག་མར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ནས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་ནས་གཞོན་ནུ་ལྷན་ཚོགས་ཀྱིས་བོད་ཀྱི་རྩ་དོན་ཆེད་ལས་འགུལ་སྣ་མང་སྤེལ་བར་བརྟེན། དགྲ་བོ་རྒྱ་ནག་ཕྱོགས་ནས་དྲག་སྤྱོད་རིང་ལུགས་པ་ཡིན་སྐོར་དང་། དངོས་ཤུགས་བརྒྱུད་གསུམ་ནས་སྒྲིག་འཛུགས་དེ་རྩ་མེད་བཟོ་ཐབས་བྱས་ཡོད་པ་དང་། ཐེངས་འདིའི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་སྐབས་ ༡༧ པ་ཚོའི་ཆོད་སེམས་བརྟན་པོ་ཡིན་ལ། ང་ཚོའི་ངོས་ནས་ལས་ཡུན་འདིའི་རིང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གོང་དུ་བཀུར་བའི་ཐོག་ནས། རང་གཞུང་དབུས་བོད་མིའི་སྒྲིག་འཛུགས་ལ་གུས་བརྩི་ཡོད་པའི་ཐོག་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་གཞི་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཁག་དང་འགན་འཛིན་ལྷན་ཚོགས་ཀྱི་གྲོས་གཞི་གཏན་འབེབ་བྱས་པ་ཁག་ལ། རང་གི་སྲོག་ལ་ཐུག་ན་ཡང་བློས་གཏོང་མི་བྱེད་པའི་དམ་བཅའ་བཞག་ཡོད་སྐོར་བརྗོད་སོང་།

དེའི་རྗེས་ཁོང་གིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ནས་མི་ལོ་ཧྲིལ་བོ་ ༥༠ འཁོར་བའི་དུས་དྲན་སྲུང་གཙིའི་བསྒྲགས་གཏམ་སྒྲོག་སྦྱང་གནང་སྐབས། སྤྱི་ལོ་ ༡༩༧༠ ཟླ་བ་ ༡༠ ཚེས་ ༧ ཉིན་རིགས་གཞེན་(ཞེན)དང་ལ་རྒྱའི་གསོན་ཤུགས་ལྡན་པའི་བྱེས་གྱར་བོད་རིགས་གཞོན་སྐྱེས་རྣམས་ཀྱིས་རྒྱ་དམར་གྱི་ཧམ་བཟུང་བྱས་པའི་བོད་མི་རིགས་ཀྱི་ཕ་ས་དང་ཕ་གཞིས་དེའི་ཆེད་དུ་གཞིས་བྱེས་རྒྱ་ཆེའི་མི་མང་ནས་བོད་རང་བཙན་གྱི་ཆེད་དུ་དགྲ་བོ་རྒྱ་དམར་ལ་རྒོལ་འཛིང་དང་གདོང་ལེན་གྱི་ལས་འགུལ་སྤེལ་བཞིན་པ་དེ་དག་གི་བསམ་འདུན་སྒྲུབ་ཆེད་དུ་དཀའ་ངལ་ཐ་དག་(མཐའ་དག)ལ་གདོང་ལེན་གྱིས་རང་སྲོག་ཚུན་ལའང་ལྟོས་མེད་ཀྱིས་མདུན་སྐྱོད་བྱ་རྒྱུ་ཡིན་ཅེས་པའི་འགྱུར་མེད་ཀྱི་དམ་བཅའ་ཞིག་སྙིང་ཁོངས་སུ་བཅུག་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་འདི་བཞིན་དངོས་སུ་དབུ་འཛུགས་གནང་བ་མ་ཟད། རང་ཅག་གི་བླ་ན་མེད་པའི་དབུ་ཁྲིད་འཛམ་གླིང་ཞི་བདེའི་དེེད་དཔོན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཀྱང་ཚོགས་ཆེན་ཐོག་སྔ་རྗེས་སུ་ཐེངས་གསུམ་ལ་ཞབས་གསོར་(སོར)འཁོད་ནས་ཚོགས་བཅར་བ་བོད་རིགས་གཞོན་སྐྱེས་རྣམས་ལ་ ༼ དཀའ་ངལ་གང་འདྲ་ཞིག་འཕྲད་ཀྱང་ལྷག་བསམ་དེ་རི་བཙུགས་པ་ནང་བཞིན་འགྱུར་བ་མེད་པའི་ཐོག་ལ་མདུན་ནས་མདུན་དུ་འགྲོ་ཐུབ་པ་ཞིག་དགོས། ༽ ཅེས་འཐབ་རྩོད་ཀྱི་བླ་སྲོག་ལྟ་བུའི་བཀའ་སློབ་ཟབ་མོ་ཕེབས་དོན་ལྟར་ད་བར་ལོ་ངོ་ ༤༥ ཡི་རིང་བོད་རྒྱལ་ཁབ་ཀྱི་བདག་དབང་སླར་གསོ་དང། བོད་མི་རིགས་ཀྱི་ངོ་བོ་གསོན་གནས་ཐུབ་ཐབས། དེ་བཞིན་བོད་ཀྱི་ཐུན་མིན་སྐད་ཡིག་རིག་གཞུང་དང་བཅས་པ་སྲུང་སྐྱོབ་སོགས་ཀྱི་ཆེད་དུ་རྒྱལ་སྤྱིའི་ཁྱོན་ཡོངས་སུ་བོད་དོན་ལས་འགུལ་སྣ་མང་སྤེལ་ཐུབ་པ་བྱུང་བ་མ་ཟད། བོད་དོན་དྲིལ་བསྒྲགས་ཤུགས་ཆེར་སྤེལ་ཐུབ་པ་བྱུང་བ་དེས་བོད་ཀྱི་བདེན་དོན་འཐབ་རྩོད་ཀྱི་ལོ་རྒྱུས་ནང་ཕན་ནུས་མི་དམན་པ་ཐོན་ཐུབ་པ་བྱུང་ཡོད། ཅེས་བཀོད་འདུག

བསྒྲགས་གཏམ་ནང་མུ་མཐུད། ཉེ་ཆར་སྤྱི་ལོ་ ༢༠༡༤ ཟླ་བ་ ༨ ཚེས་ ༡༢ དང་ ༡༣ ཉིན་གཉིས་རིང་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་དང་། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཐུན་མོང་ཐོག་ཀྲུང་གོའི་བོད་ལྗོངས་གོང་འཕེལ་གླེང་སྟེགས་ཞེས་པའི་ཚོགས་འདུ་ཞིག་ལྷ་སར་ཚོགས་པ་དང། ཚོགས་ཐོག་ཏུ་རྒྱལ་ཁབ་ ༣༠ ལྷག་གི་མི་གྲངས་ ༡༠༠ ལྷག་འདུ་འགུགས་ཀྱིས་བོད་ཀྱི་གོང་འཕེལ་དང་། བོད་ཀྱི་རིག་གནས་རྒྱུད་འཛིན་དང་སྲུང་སྐྱོབ། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་ཐོག་དོན་དངོས་དང་འགལ་བའི་དྲིལ་བསྒྲགས་བྱས་ཏེ་ཕྱི་རྒྱལ་གྱི་མི་མང་ཁག་ལ་བོད་ནང་དཔལ་འབྱོར་དང། སློབ་གསོ། འཕྲོད་བསྟེན་བཅས་ལ་ཡར་རྒྱས་ཆེན་པོ་ཕྱིན་ཡོད་པ་དང། བོད་ཀྱི་རང་བྱུང་འཁོར་ཡུག་གསོན་གནས་ཐོག་བོད་མི་རྣམས་བདེ་སྐྱིད་ཀྱི་འཚོ་བ་ལ་རོལ་བཞིན་ཡོད་པ་སོགས་ཀྱི་ངོས་འཛིན་དང་སྣང་སྙན་(བརྙན་)ཞིག་སྐྲུན་ཐབས་བྱས་ཡོད། དེ་རིང་བོད་ཀྱི་གཞོན་ནུའི་ལྷན་ཚོགས་དབུ་བརྙེས་པའི་དུས་སྐབས་འདི་དང་སྟབས་བསྟུན་ནས་རྒྱལ་སྤྱིའི་ས་ཕྱོགས་གང་སར་གནས་བའི་བོད་རིགས་གཞོན་སྐྱེས་རྣམས་ལ་ནན་བརྗོད་བྱ་རྒྱུར། བོད་ཀྱི་གཞོན་ནུ་ལྷན་ཚོགས་སྒྲིག་འཛུགས་འདི་ནི་བོད་རིགས་ན་གཞོན་ཡོངས་ཀྱིས་བོད་སྤྱི་པའི་བདེན་དོན་འཐབ་རྩོད་ཆེད་ནུས་པ་གཅིག་ཏུ་སྤུངས་སའི་སྡིང་ཆ་ཞིག་ཏུ་སྤྱི་ལོ་ ༡༩༧༠ ལོར་སྐབས་དེའི་གཞོན་སྐྱེས་ཤེས་ལྡན་པ་ཚོས་དགོས་དམིགས་གལ་ཆེར་གཟིགས་ནས་གསར་འཛུགས་གནང་བ་ལྟར།   ད་ལྟའི་བོད་རིགས་གཞོན་སྐྱེས་ཡོངས་ནས་བོད་བསྟན་སྲིད་ལ་སྨན་པའི་བོད་དོན་ལས་འགུལ་ཁག་གི་ནང་ངེས་པར་དུ་འགན་འཁུར་མཉམ་བཞུགས་(ཞུགས)དང་སྣེ་ཁྲིད་ཀྱིས་བོད་དོན་ལས་འགུལ་འདི་བཞིན་རྒྱལ་སྤྱིའི་ནང་སྔར་ལས་ལྷག་པའི་སྒོ་ནས་ཚད་གཞི་ཇེ་མཐོར་གཏོང་དགོས་པའི་འབོད་སྐུལ་ཤུགས་དྲག་ཞུ་རྒྱུ་ཡིན། ཞེས་བརྗོད་འདུག།

དེའི་རྗེས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་པ་དང་བསྟུན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར་རིས་ལོ་རྒྱུས་དཔེ་དེབ་དང་། གཞོན་ནུ་ལྷན་ཚོགས་དབུ་བརྙེས་ནས་མི་ལོ་ཧྲིལ་བོ་ ༥༠ འཁོར་བའི་ལོ་འཁོར་ལས་རྟགས་བཅས་དབུ་འབྱེད་དང་འབྲེལ། སྐུ་མགྲོན་གཙོ་བོ་མཆོག་ནས་གསུང་བཤད་གནང་སྐབས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་མགོ་ལས་ཡོངས་ནས་ད་བར་ཕྱག་ལས་ཧུར་ཐག་གིས་གནང་དང་གནང་བཞིན་པར་བསྔགས་བརྗོད་ཡོད་ལ། ད་ལྟའི་དུས་སྐབས་འདི་ལྟ་བུར་རྒྱ་ནག་གཞུང་གི་གདུག་རྩུབ་སྲིད་བྱུས་འོག་ཏུ་བོད་ཀྱི་གནས་སྟངས་ཧ་ཅང་ཐབས་སྐྱོ་བོ་ཆགས་ཡོད་པ་དང་། ཕྱི་ལོ་ ༡༩༥༩ ལོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གཙོའི་བོད་མི་མང་པོ་ཞིག་བཙན་བྱོལ་དུ་འབྱོར་ནས། བོད་མི་མང་པོས་དཀའ་ལས་བརྒྱབ་པའི་དཀའ་དྲིན་ལ་བརྟེན་ནས་བཙན་བྱོལ་ནང་གི་བོད་མི་ཚོའི་གནས་སྟངས་ཅུང་ཙམ་ཡག་པོ་ཡོད་པ་དང་། འཛམ་གླིང་འདིར་བཙན་བྱོལ་བ་ས་ཡ་མང་པོ་ཡོད་ཀྱང་། ང་ཚོའི་གན་སྟངས་དེ་བཙན་བྱོལ་སྤྱི་ཚོགས་གཞན་དང་བསྡུར་ན་ཅུང་ཙམ་ཡག་པོ་ཡོད་སྟབས། བོད་ཀྱི་གནས་སྟངས་དེ་འདྲའི་སྡུག་པོ་དང་ཐབས་སྐྱོ་བོ་ཡིན་སྐབས་ང་ཚོ་བཙན་བྱོལ་ལ་ཡོད་པའི་བོད་པ་ཉུང་ཉུང་དེས་མཐུན་པོ་བྱས་ཏེ་འདུག་མི་ཐུབ་པ་དེ་དཔེ་མི་སྲིད་པའི་སྡུག་པོ་རེད་ལ། ངོ་ཚ་དགོས་པ་ཡང་རེད། བོད་ནང་གི་བོད་མི་ཚོའི་བོད་དོན་ཆེད་བློས་གཏོང་ག་འདྲ་གནང་གི་ཡོད་པ་དང། ཐ་ན་རང་ལུས་ཡན་ཆན་མེར་སྲེག་གཏོང་བཞིན་ཡོད་དུས། བོད་མིའི་སྒྲིག་འཛུགས་དང་ཆོགས་པ་སྐྱིད་སྡུག་ཁག་གིས་བོད་པའི་ནང་ཁུལ་དུ་བོད་ཀྱི་མཐུན་སྒྲིལ་དང་འཆམ་མཐུན་ལ་གནོད་པའི་ལས་བྱེད་མཁན་བྱུང་བ་ཡིན་ན། མཐའ་གཅིག་ཏུ་ཐབས་ཤེས་ཡོད་ཚད་སྤྱད་ནས་དེ་ལྟར་བྱེད་མི་རུང་ལག་ལེན་བསྟར་དགོས་རྒྱུ་གལ་ཆེན་པོ་ཡིན་སྐོར་སོགས་གསུངས་སོང་།

དེའི་རྗེས་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཐོག་མར་དབུ་འཛུགས་གནང་མཁན་གྲས་ཀྱི་མི་སྣ་བཞི་ལ་གཟེགས་རྟགས་འབུལ་བཞེས་དང་འབྲེལ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་ནས་གསུང་བཤད་གནང་སྐབས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ངོས་ནས་བོད་དོན་ཐད་ཆབ་སྲིད་དང་སྤྱི་ཚོགས་ཞབས་ཞུ། སྐད་ཡིག་རིག་གཞུང་ལས་འགུལ། ཁོར་ཡུག་ལས་འགུལ་སོགས་སྣ་མང་དུས་ནས་དུས་སུ་སྤེལ་བཞིན་ཡོད་པས་སྤྱི་ཚོགས་ལ་ཕན་ཐོགས་ཡོང་དང་ཡོང་བཞིན་ཡོད་པ་དང་། རང་ཉིད་ལྟ་བུར་མཚོན་ན་གཞོན་ནུ་ལྷན་ཚོགས་དེ་བཞིན་དོན་སྙིང་ལྡན་པའི་སྒྲིག་འཛུགས་གལ་ཆེན་པོ་ཞིག་ཡིན་པ་རྟག་ཏུ་དྲན་བཞིན་ཡོད་ལ། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་པོའི་ཐོག་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྙིང་སྟོབས་དང་ལྷག་བསམ། སེམས་ཤུགས་ཞུམ་པ་མེད་པར་རི་བཙུགས་པ་བཞིན་དགོས་པའི་བཀའ་སློབ་ཕེབས་ཡོད་པ་དང་། ཡང་༧གོང་ས་མཆོག་ནས་གཞོན་ནུ་ལྷན་ཚོགས་ཀྱི་ལྟ་བ་རང་བཙན་ཡིན་པ་ལྟར། ཁ་ཕར་རྒྱ་དམར་ལ་གཏད་དེ་རང་བཙན་རྩོད་དགོས་པ་ལས། ཁ་ཚུར་འཁོར་ནས་ནང་ཁུལ་རྩོད་པ་བརྒྱབ་ཚེ་ནང་ཁུལ་རྙོག་དྲ་སློང་རྒྱུའི་ཉེན་ཁ་ཡོད་སྐོར་བཀའ་སློབ་བསྩལ་ཡོད་པ་ཀུན་གྱིས་ཤེས་གསལ་ལྟར། རྗེས་ཕྱོགས་རྩ་དོན་ཆེད་ལས་འགུལ་ཇི་འདྲ་ཞིག་སྤེལ་ཡང་གནད་འགག་ཡོད་མེད་དང་། ཕུགས་ཀྱི་དགེ་ཕན་སྐྱོན་གནད་དང་བབ་བརླིང་བརྟན་གསུམ་ལ་དགོངས་པ་བཞེས་དགོས་སྐོར་སོགས་གསུངས་སོང་།

མཇུག་ཏུ་བོད་ཀྱི་ཟློས་གར་ནས་གཞས་སྣ་གཟིགས་འབུལ་ཁག་ཅིག་གནང་སོང་བ་དང་། སྤྱིར་བོད་ཀྱི་གཞོན་ནུ་ལྷན་ཚོགས་མི་ལོ་ཧྲིལ་བོ་ ༥༠ འཁོར་བའི་དུས་དྲན་དེ་བཞིན་གཟབ་རྒྱས་ངང་ཚོགས་འཆར་ཡོད་ཀྱང་། འདི་ལོ་འཛམ་གླིང་ཡོངས་སུ་ཏོག་དབྱིབས་གཉན་རིམས་རྐྱེན་གྱིས་མཛད་སྒོ་དེ་ལོ་གཅིག་ཕྱིར་འགྱངས་གནང་ཡོད་པ་དང་། ཐེངས་འདིར་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་པའི་ཉིན་མོ་དང་བསྟུན་རྟེན་འབྲེལ་གྱི་ཆེད་དུ་མཛད་སྒོ་སྟབས་བདེ་ཞིག་ཚོགས་ཡོད་པ་རེད།

 

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༡༠/༠༧

Leave a Reply

One thought on “བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ཏེ་མི་ལོ་ ༥༠ འཁོར་བའི་དུས་དྲན་ཚོགས།

  1. བསོད་ནམས་རྒྱལ་མཚན།

    གཞོན་ནུ་ལྷན་ཚོགས་དབུ་བརྙེས་ཏེ་མི་ལོ་ ༥༠ འཁོར་བའི་དུས་དྲན་ཚོགས། ལྟས་ངན། 😂 😂 😂 😅
    མཛད་སྒོའི་བཞུགས་ཁྲི་སྟེང་༧གོང་ས་མཆོག་གིས་ སྐུ་པར་ད་ཕར་བཞག སེར་ཀི་ལོ་ ༡༠༠ ཐམས་པའི་སེར་སྐུ་བཞག་ན་ བོད་མི་ཚོའི་ཡིད་ཆེ་ཐོབ་དཀའ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་དང་། དྭགས་པོ་བསོད་ནམས་ནོར་བུ་ལ་ཡིད་ཆེ་བརླགས། བོད་ཀྱི་གཞོན་ནུ་ཟེར་ན་ ༧གོང་ས་མཆོག་སྒྲིག་གི་མིན་འདུག་དོག་དོག་ ༧ཁོང་གིས་དགོངས་གཞི་གཏོར་ཤིག་གཏོང་མཁན་ཚོགས་པ་ཞིག་རེད་པ། ད་དུང་བོད་མི་མང་མགོ་སྐོར་གཏོང་ཆེད་ མཛད་སྒོའི་བཞུགས་ཁྲི་སྟེང་ ༧ གོང་ས་མཆོག་གིས་ སྐུ་པར་བཤམས་ག་བྱས། Natak Maat Karna Yaar. ད་ཟབ་ཟབ་བྱེད་ན་མ་གཏོགས་ བོད་གཞུང་ལས་བྱེད་ནང་རེད། ཚོགས་སྡེ་ཁག རྒྱ་གར་ ༧ གོང་ས་མཆོག་ལ་མིང་སྙན་པོ་གྲགས་ནས་ Enterprises བེད་སྤྱོད་གཏོང་གི་འདུག་ད།