འཛམ་གླིང་རྒྱལ་ཁབ་ ༣༩ ཡིས་རྒྱ་གཞུང་ལ་བསྒྲགས་གཏམ་སྤེལ།

འཛམ་གླིང་རྒྱལ་ཁབ་ ༣༩ ཡིས་མཉམ་འབྲེལ་བསྒྲགས་གཏམ་སྤེལ་ཏེ་བོད་དང་ཧོང་ཀོང་། ཤིན་ཅང་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་གཙི་དགོས་པའི་འབོད་སྐུལ་བྱས་པར་པ་ཀི་སི་ཐན་སོགས་ནས་རྒྱ་ནག་ནང་སྲིད་ལ་ཐེ་གཏོགས་བྱེད་མི་ཆོག་པའི་རྒོལ་གཏམ་སྤྲད།ཧོང་ཀོང་རང་དབང་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཨ་རི་གཙོས་པའི་ཉི་ཧོང་སོགས་འཛམ་གླིང་རྒྱལ་ཁབ་ཁྱོན་ ༣༩ ཡིས་མཉམ་འབྲེལ་བསྒྲགས་གཏམ་ཞིག་སྤེལ་ཏེ། རྒྱ་ནག་གཞུང་གིས་བོད་དང་ཧོང་ཀོང་། དེ་བཞིན། ཤིན་ཅང་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་དགོས་པའི་འབོད་སྐུལ་བྱས་ཡོད་པ་དང་། དེར་པ་ཀི་སི་ཐན་གྱི་གཞུང་ཚབ་པས་འཛམ་གླིང་རྒྱལ་ཁབ་ ༥༥ ཡི་བསྒྲགས་གཏམ་ཞེས་པ་ཞིག་བསྒྲགས་ཏེ་ཧོང་ཀོང་གི་གནས་བབ་བེད་སྤྱོད་ཀྱིས་རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་བྱེད་མི་ཆོག་པའི་རྒོལ་གཏམ་སྤྲད།

རྒྱལ་ཁབ་དེ་དག་གི་མཉམ་འབྲེལ་བསྒྲགས་གཏམ་ནང་། ང་ཚོས་ཤིན་ཅང་དང་ཉེ་སྔོན་གྱི་ཧོང་ཀོང་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སོགས་ཀྱི་ཐོག་སེམས་འཚབ་ཆེན་པོ་བྱེད་ཀྱི་ཡོད་པས། རྒྱ་ནག་གཞུང་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་སྤྱི་ཁྱབ་འགན་འཛིན་ཚུད་པའི་རང་དབང་ལྡན་པའི་ཞིབ་འཇུག་ཚོགས་ཆུང་ཞིག་ཤིན་ཅང་ཁུལ་དུ་རྟོག་ཞིབ་སླད་འགྲོ་རུ་འཇུག་དགོས་པའི་འབོད་སྐུལ་ཞུ་ཡི་ཡོད། ཅེས་བརྗོད་ཡོད་པ་དང་། འཛམ་གླིང་རྒྱལ་ཁབ་ ༣༩ ཁྲོད། ཨ་རི་གཙོས་པའི་ཁེ་ན་ཌ་དང་། ཡུ་རོབ་མཐུན་ཚོགས་ཀྱི་རྒྱལ་ཁབ་ཁག དེ་བཞིན། ཉི་ཧོང་དང་ཨོ་གླིང་སོགས་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ཅིག་བཅས་ཡོད་འདུག

ཐེངས་འདིའི་མཉམ་འབྲེལ་རྒྱལ་ཁབ་ཁག་གི་སྣེ་འཁྲིད་འཇར་མན་གྱི་གཞུང་ཚབ་མི་སྣ་ཁུ་རེ་སི་ཊོ་ཧྥི་ (Christoph Heusgen) ལགས་ཀྱིས། རྒྱ་ནག་གཞུང་ནས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་བྱེད་དགོས་པ་དང་། བྱེ་བྲག་ཏུ་ཆོས་ལུགས་དང་གྲངས་ཉུང་མི་རིགས་ཀྱི་ཚོགས་སྡེ་ཁག་གི་འགྲོ་བ་མིའི་ཐོབ་ཐང་དང་ལྷག་པར་དུ་བོད་དང་ཤིན་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་སོགས་སྲུང་སྐྱོབ་བྱེད་དགོས་ཀྱི་ཡོད། ཅེས་བརྗོད་འདུག་ལ། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་འབྲེལ་བའི་ཐོག་འཛམ་གླིང་རྒྱལ་ཁབ་མང་དག་ཅིག་གིས་རྒྱ་ནག་ལ་སྐྱོན་བརྗོད་དང་འབོད་སྐུལ་ཞུས་པར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཀྱི་ཚོགས་སྡེ་ཁག་ནས་བསྔགས་བརྗོད་དང་མུ་མཐུད་རྒྱ་ནག་ལ་ཁ་གཏད་གཅོག་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག

མཉམ་འབྲེལ་བསྒྲགས་གཏམ་དེ་སྤེལ་རྗེས།  རྒྱ་ནག་གཞུང་ཚབ་པ་ཀྲང་ཅིན་(Zhang Jun) ཟེར་བས། མཉམ་འབྲེལ་རྒྱལ་ཁབ་དེ་དག་ཁྲོད་ཀྱི་སྣེ་འཁྲིད་ཨ་རི་དང་འཇར་མན། དབྱིན་ཡུལ་གསུམ་མིང་འདོན་བྱས་ཏེ། རང་རློམ་གྱི་ལྟ་ཚུལ་དང་ཁེངས་དྲེགས། དེ་བཞིན། ཕྱོགས་ལྷུང་སོགས་འདོར་དགོས་ཀྱི་འདུག ཅེས་བརྗོད་ཡོད་པ་མ་ཟད། སྐབས་དེར་རྒྱ་ནག་གི་རྒྱབ་སྐྱོར་འོག་པ་ཀི་སི་ཐན་གྱི་གཞུང་ཚབ་པས། འཛམ་གླིང་རྒྱལ་ཁབ་ ༥༥ ཡི་བསྒྲགས་གཏམ་ཞིག་སྒྲོགས་སྦྱང་བྱས་ཏེ། ཧོང་ཀོང་གི་གནས་བབ་བེད་སྤྱོད་ཀྱིས་རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་བྱེད་མི་ཆོག་པའི་འབོད་སྐུལ་ཞུས་ཡོད་འདུག

གཞན་ཡང་། འདི་ལོར་ཏོག་དབྱིབས་གཉན་རིམས་ཀྱི་དཀའ་ངལ་འོག འཛམ་གླིང་རྒྱལ་ཁབ་སྐྱོ་བོ་མང་དག་ཅིག་ལ་དཔལ་འབྱོར་གྱི་དཀའ་ངལ་ཤུགས་ཆེན་འཕྲད་བཞིན་ཡོད་སྟབས། དེ་རིང་འཛམ་གླིང་དངུལ་ཁང་གིས། རྒྱ་ནག་གིས་ཏོག་ནད་འགོས་ཁྱབ་འོག་དཔལ་འབྱོར་ལ་དཀའ་ངལ་འཕྲད་བཞིན་པའི་རྒྱལ་ཁབ་ཁག་གི་བུ་ལོན་ལེན་རྒྱུ་མཚམས་འཇོག་གནང་བའི་འབོད་སྐུལ་ཞུས་ཡོད་པ་དང་། འཛམ་གླིང་དངུལ་ཁང་གི་འགན་འཛིན་ཌ་ཝི་ཌེ་ (David Malpass) ལགས་ཀྱིས། ད་ལྟའི་ཆར་རྒྱ་ནག་གིས་འཛམ་གླིང་རྒྱལ་ཁབ་ཁག་ཅིག་ལ་བུ་ལོན་དང་འབྲེལ་ནས་གནོན་ཤུགས་སྤྲོད་ཀྱི་ཡོད་པ་དང་། རྒྱ་ནག་གིས་སྟོབས་ཆེན་རྒྱལ་ཁབ་ ༢༠ ཡི་བུན་གཡར་ཕར་འགྱང་གི་ལས་གཞིའི་འགན་གང་ཡང་འཁུར་གྱི་མེད་པའི་སྐྱོན་བརྗོད་བྱས་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

 

བསྐྱར་བཅོས།: ༢༠༢༠/༡༠/༠༧

Leave a Reply

One thought on “འཛམ་གླིང་རྒྱལ་ཁབ་ ༣༩ ཡིས་རྒྱ་གཞུང་ལ་བསྒྲགས་གཏམ་སྤེལ།

  1. བསོད་ནམས་རྒྱལ་མཚན།

    བོད་དང་། མན་ཇུ། ཤིན་ཅང་ཡུ་གུར། ནང་སོག་ལ་ སྙིང་རྗེ་བ་ག་ལ་ཡིན། COVID-19 སྐྱབས་སུ་འཆི། COVID-19 ཤུག་རྒྱོབ། 😂 😂 😂 😅