ནོ་བྷེལ་རྫས་འགྱུར་གཟེངས་རྟགས་ཡོངས་བསྒྲགས་གནང་།

འདི་ལོའི་ནོ་བྷེལ་རྫས་འགྱུར་གཟེངས་རྟགས་ཨ་རི་དང་ཧྥ་རན་སིའི་སྐྱེས་དངོས་རྫས་འགྱུར་རིག་པའི་བུད་མེད་གཉིས་ལ་ཐོབ་འདུག

དེ་རིང་ཕྱི་ལོ་ ༢༠༢༠ ལོའི་ནོ་སྦེལ་རྫས་འགྱུར་གཟེངས་རྟགས་གྱི་ལྷན་ཚོགས་ཀྱིས་གསལ་བསྒྲགས་སྤེལ་བ་ལྟར་ན། འདི་ལོའི་ནོ་བྷེལ་རྫས་འགྱུར་གཟེངས་རྟགས་དེ་རྒྱལ་ཁོངས་ཧྥ་རན་སི་ནས་ཡིན་པའི་སྐྱེས་དངོས་རྫས་འགྱུར་རིག་པ་བ་དང་རྒྱུད་རྒྱུ་ཉམས་ཞིབ་པ། སློབ་དཔོན་ཆེན་མོ་ལྕམ་ཨེ་མན་ནོ་ལེ་ཆཱར་པན་ཊིར་ (Emmanuelle Charpentier) ལགས་དང་། ཨ་རིའི་སྐྱེས་དངོས་རྫས་འགྱུར་རིག་པ་བ་ལྕམ་རྗེ་ནེ་ཧྥིར་དྷོ་དྷི་ནཱ་ (Jennifer Doudna) ལགས་གཉིས་ནས། རྒྱུད་རྒྱུའི་ཚོགས་པའི་བཅོས་སྒྲིག་བྱེད་ཐབས་དང་དེ་འབྲེལ་འཕྲུལ་ལས་ལག་རྩལ་གསར་གཏོད་བྱས་པའི་ངོས་འཛིན་ཏུ་སྤྲོད་གཏན་འཁེལ་ཡོད་འདུག

ནོ་བྷེལ་ལྷན་ཚོགས་ཀྱི་དེ་འབྲེལ་གནས་ཚུལ་ནང་། ཁོང་གཉིས་ནས་རྒྱུད་རྒྱུ་བཅོས་སྒྲིག་དང་ལས་སྣོན་ཆེད་ཆེས་རྣོ་བའི་འཕྲུལ་ལས་ལག་རྩལ་གྱི་བཀོལ་ཆས་གསར་གཏོད་དང་། གཞན་ཡང་ (CRISPR/Cas9) ཞེས་པའི་རྒྱུད་རྒྱུ་གཏུབ་གྲི་སོགས་ཡར་རྒྱས་བཏང་ཡོད་པ་དང་། ལག་རྩལ་བཀོལ་ཆས་འདི་དག་སྤྱད་དེ་ཚན་རིག་པ་དང་ཞིབ་འཇུག་པ་ཚོས་ཚད་མཐོན་པོའི་སྒོ་ནས་སྲོག་ཆགས་དང་། རྩི་ཤིང་།སྐྱེ་དངོས་ཕྲ་རབ་ཀྱི་རྒྱུད་རྒྱུ་ལ་འགྱུར་བཅོས་གཏོང་ཐུབ་པ་དང།  ལག་རྩལ་འདི་དག་གིས་ཚེ་སྲོག་གི་ཚན་རིག་ལ་གསར་བརྗེའི་རང་བཞིན་གྱི་ཤུགས་རྐྱེན་ཐེབས་ཡོད་པ་མ་ཟད། སྐྲན་ནད་གསོ་ཐབས་དང་རིགས་རྒྱུད་ཀྱི་ནད་སངས་དྲག་ཏུ་གཏོང་བའི་ཕུགས་འདུན་མངོན་འགྱུར་བྱེད་བཞིན་ཡོད་སྐོར་བརྗོད་འདུག

འདི་ལོའི་ནོ་བྷེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཐོབ་མཁན་གཉིས་ནི་ནོ་བྷེལ་གཟེངས་རྟགས་མགོ་ཚུགས་པ་ནས། བུད་མེད་གཉིས་ལ་མཉམ་དུ་གཟེངས་རྟགས་སྤྲད་པ་ཐོག་མ་ཆགས་ཡོད་པ་དང་། སི་ཝེ་ཌད་ཁིལ་མཱིར་ (Chalmers University of Technology) འཕྲུལ་ལས་གཙུག་ལག་སློབ་གྲྭའི་སྐྱེས་དངོས་རྫས་འགྱུར་སློབ་དཔོན་ལྕམ་ (Pernilla Wittung-Stafshede) ལགས་ནས། རྒྱུད་རྒྱུ་བཅོས་སྒྲིག་ལག་རྩལ་གསར་གཏོད་གནང་བ་དེས། ཚན་རིག་གི་ཚེ་སྲོག་ལ་གསར་བརྗེ་རང་བཞིན་གྱི་ལས་དོན་ཞིག་ཡིན་པ་མ་ཟད། མ་འོངས་པར་སྐྱེས་དངོས་ཀྱི་རྒྱུད་རྒྱུའི་ནང་གནས་པའི་ནད་སོགས་གསོ་བཅོས་གཏོང་ཐུབ་སྐོར་བརྗོད་འདུག

ཕྱི་ལོ་ ༢༠༢༠ ལོའི་ནོ་བྷེལ་རྫས་འགྱུར་གཟེངས་རྟགས་དེ་གློག་ནུས་ལའེ་ཐེམ་ (lithium) རྫས་གྱི་ནུས་ཤུགས་ཡར་རྒྱས་གཏོང་མཁན། ཨ་རིའི་རྫས་འགྱུར་རིག་པ་བ་སྐུ་ཞབས་རྗོན་གྷོ་ཊི་ཨེ་ནཱ་ཧྥོ་ (John B. Goodenough) ལགས་དང་སྐུ་ཞབས་སི་ཊཱན་ལའེ་ཝེ་ཊན་ཧཱམ་ (M. Stanley Whittingham) ལགས། ཉི་ཧོང་གི་རྫས་འགྱུར་རིག་པ་བ་དང་ཉམས་ཞིབ་པ་སྐུ་ཞབས་ཨ་ཀེ་རཱ་ཡཱོ་ཤི་ནཱོ་ (Akira Yoshino) ལགས་བཅས་ལ་སྤྲད་ཡོད་པ་དང་། ཁོང་ཚོས་གློག་ནུས་ལའེ་ཐེམ་རྫས་ཡར་རྒྱས་བཏང་བ་ཡིས་འཛམ་གླིང་ཡོངས་གློག་ནུས་གསོག་ཐུབ་པ་ཞིག་ཏུ་བསྒྱུར་ཐུབ་ཡོད་པ་མ་ཟད། ད་ལྟའི་ཆར་གློག་ནུས་ལའེ་ཐེམ་རྫས་དེ་ཁ་པར་དང་གློག་ཀླད། གློག་གི་འཕྲུལ་འཁོར་གཙོའི་གློག་ཆས་ཚང་མར་བཀོལ་བཞིན་ཡོད་པ་མ་ཟད། གློག་གསོག་ནུས་པ་དེ་ཡིས་ཉི་འོད་དང་རླུང་ལ་བརྟེན་ནས་གློག་གི་ནུས་ཤུགས་ཉར་ཐུབ་པས། སོལ་རླངས་ཀྱི་ནུས་ཤུགས་བེད་སྤྱོད་གཏོང་མི་དགོས་པར་འཛམ་གླིང་གི་ཁོར་ཡུག་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་པར་ངོས་འཛིན་བྱས་ཡོད་པ་རེད།

ལྕམ་ཨེ་མན་ནོ་ལེ་ཆྰར་པན་ཊིར་ནི་ཕྱི་ལོ་ ༡༩༦༨ ལོར་ཧྥ་རན་སིར་སྐྱེས་ཤིང་། ཆུང་དུས་ནས་སྐྱེས་དངོས་རྫས་འགྱུར་རིག་པ་དང་རྒྱུད་རྒྱུ། ཕྲ་ཕུང་དངོས་ཁམས་རིག་པ་བཅས་ཀྱི་ཐོག་སློབ་གཉེར་གནང་ཡོད་པ་དང་། ཕྱི་ལོ་ ༢༠༡༥ ལོ་ནས་འཇར་མན་གྱི་འགོས་ནད་དངོས་ཁམས་རིག་པའི་སློབ་གཉེར་ཁང་ (Max Planck Institute for Infection Biology) གི་འགན་འཛིན་གནང་ཡོད་འདུག་ལ། ཕྱི་ལོ་ ༢༠༡༨ ལོར་ (Max Planck Unit for the Science of Pathogens) ཞིབ་འཇུག་ལྟེ་གནས་ཁང་གསར་འཛུགས་གནང་ཡོད་འདུག དེ་བཞིན་ལྕམ་རྗེ་ནེ་ཧྥིར་དྷོ་དྷི་ནཱ་ལགས་ནི་ཕྱི་ལོ་ ༡༩༦༤ ལོར་ཨ་རིར་སྐྱེས་ཤིང་། ད་ལྟ་ཨ་རིའི་ཁ་ལེ་ཧྥོར་ནི་ཡ་གཙུག་ལག་སློབ་གཉེར་ཁང་ (University of California) གི་རྫས་འགྱུར་དང་དངོས་ཁམས་རིག་པ་ཚན་པའི་སློབ་དཔོན་ཆེན་མོ་ཡིན་པ་དང་། ཕྱི་ལོ་ ༢༠༡༢ ལོར་ཁོང་མོས་རིགས་རྫས་དང་འབྲེལ་ནས་ (CRISPR-Cas9) ཞེས་པའི་ཐབས་ལམ་ཞིག་རྙེད་པ་ལ་བརྟེན། དེ་ནི་ཉེ་བའི་དངོས་ཁམས་རིག་པའི་འཕེལ་རྒྱས་ཁྲོད་གསར་རྙེད་བྱུང་བའི་ཐབས་ལམ་གལ་ཆེན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་འདུག

གསར་འགོད་པ། ཀླུ་མགོན་ཐར། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༡༠/༠༧

Leave a Reply