ཨ་རིའི་སྲིད་འཛིན་གཞོན་པའི་བགྲོ་གླེང་ཚོགས།

ཨ་རིའི་སྲིད་འཛིན་གཞོན་པའི་འོས་མི་རྣམ་གཉིས་ནས་སོ་སོའི་སྲིད་འཛིན་འོས་མི་གཉིས་ཀྱི་རྒྱབ་སྐྱོར་ལངས་ཏེ་ཏོག་དབྱིབས་གཉན་རིམས་ཀྱི་དཀའ་ངལ་དང་ཨ་རྒྱའི་འབྲེལ་བ་དང་ཚོང་དམག་སོགས་ཀྱི་སྐོར་ལ་བགྲོ་གླེང་གནང་།ཁ་སང་ཕྱི་ཚེས་ ༧ ཉིན་ཨ་རིའི་མངའ་སྡེ་ཡུ་ཊ་(Utah) ཡི་གཙུག་ལག་སློབ་ཆེན་གྱི་ཀིང་སི་བྷ་རི་ཚོམས་ཁང་ (Kingsbury) དུ། ཨ་རིའི་སྲིད་འཛིན་བགྲོ་གླེང་ལྷན་ཚོགས་ཀྱི་གོ་སྒྲིག་འོག ཨ་རིའི་སྲིད་འཛིན་གཞོན་པའི་འོས་མི་ལས་ཐོག་སྲིད་འཛིན་གཞོན་པ་སྐུ་ཞབས་མེག་པེན་སི་དང་། དམངས་གཙོ་ཚོགས་པའི་འོས་མི་ལྕམ་སྐུ་ཀ་མ་ལ་ཧ་རི་སི་བར་གྱི་སྲིད་འཛིན་གཞོན་པའི་འོས་མིའི་བགྲོ་གླེང་གནང་ཡོད་པ་རེད།

ཐེངས་འདིའི་བགྲོ་གླེང་གཙོ་སྐྱོང་བ་ཨ་རིའི་ཉིན་རེའི་ཚགས་ཤོག་གི་གསར་འགོད་པ་རྒན་པ་སུ་སན་པེ་ཇི་ (Susan Page) ཡིས། ཁེ་ལི་ཧྥོར་ནི་ཡ་མངའ་སྡེ་ནས་ཡིན་པའི་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཀ་མ་ལ་ཧ་རི་སི་ལ། ཨ་རིའི་མངའ་སྡེ་ ༣༩ ཡི་ཏོག་དབྱིབས་ནད་པའི་གྲངས་འབོར་དེ་བདུན་ཕྲག་སྔོན་མ་དང་བསྡུར་ན། ད་ཐེངས་མང་དུ་ཕྱིན་ཡོད་པ་མ་ཟད། མངའ་སྡེ་གཞན་ ༩ ཡིས་ནད་པའི་ཟིན་ཐོ་གསར་པ་བསྐྲུན་ཡོད་པས། ད་ལྟའི་ཆར་གཉན་རིམས་སྟངས་འཛིན་འོག་བཞག་ཐུབ་མེད་སྟབས། བྷའེ་ཌིན་སྲིད་གཞུང་གིས་ཕྱི་ལོ་ ༢༠༢༡ ལོའི་ལོ་མགོར་ཊོམ་ཕུ་སྲིད་གཞུང་གིས་གནང་མི་སྲིད་པའི་ལས་དོན་གང་གནང་རྒྱུུ་ཡིན་མིན་དང་། སྐབས་དེར་དབུས་གཞུང་གིས་ཚོང་དོན་དང་སློབ་གྲྭ་ཁག་སྒོ་བརྒྱབ་སྟེ། མང་ཚོགས་ཀྱིས་ངེས་པར་དུ་ཁ་རས་གྱོན་དགོས་པའི་ཁྲིམས་སྒྲིག་ལག་བསྟར་གནང་རྒྱུ་ཡིན་མིན་དྲིས་སོང་བར་ཀ་མ་ལ་ཧ་རི་རི་ཡིས། མང་ཚོགས་ཀྱིས་ཨ་རིའི་ལོ་རྒྱུས་ཁྲོད་ཀྱི་ཆེས་ཡ་ང་བའི་སྲིད་འཛིན་ལམ་ལུགས་དེ་མཐོང་ཡོད་པ་དང་། ད་བར་ཨ་རིའི་ནང་མི་གྲངས་ ༢,༡༠,༠༠༠ རྐྱེན་འདས་དང་། མི་གྲངས་ས་ཡ་ ༧ ལྷག་ལ་གཉན་རིམས་ཕོག་ཡོད་པ། ཚོང་དོན་བྱེད་སྒོ་ལྔའི་ནང་གི་གཅིག་སྒོ་བརྒྱབ་ཡོད་པ། དེ་བཞིན་ཁྱོན་ཡོངས་ནས་མི་གྲངས་ས་ཡ་ ༣༠ ལྷག་གི་ལས་ཀ་བརླགས་ཡོད་པ་དང་། དེས་ཊོམ་ཕུ་སྲིད་གཞུང་གིས་གཉན་རིམས་སྟངས་འཛིན་བྱེད་ཐུབ་ཀྱི་མེད་པ་མཚོན་གྱི་ཡོད་སྐོར་བརྗོད་འདུག

ཡང་ཁོང་མོས། འདི་ལོའི་ཕྱི་ཟླ་ ༡ ཚེས་ ༢༨ ཉིན་སྲིད་འཛིན་བགྲེས་གཞོན་གཉིས་ལ་གཉན་རིམས་དེ་མཁའ་རླུང་བརྒྱུད་འགོ་ཡི་ཡོད་པ་སྙན་གསེང་ཞུས་ཡོད་ཀྱང་། སྲིད་འཛིན་གྱིས་མང་ཚོགས་ལ་དེའི་སྐོར་གང་ཡང་བཤད་མེད་སྐོར་དང་། ཊོམ་ཕུ་སྲིད་གཞུང་གིས་གཉན་རིམས་དེའི་སྐོར་སྔར་ནས་ཤེས་རྟོགས་བྱུང་ཡོད་ནའང་གནས་ཚུལ་སྦེད་སྐུང་བྱས་ཡོད་པ་མ་ཟད། གཉན་རིམས་ཀྱི་ཛ་དྲག་རང་བཞིན་གབ་སྦས་བྱས་ཡོད་པ་དང་། ད་ལྟའང་ཊོམ་ཕུ་སྲིད་གཞུང་ལ་འཆར་གཞི་གང་ཡང་མེད་སྐོར་བརྗོད་ཡོད་འདུག་ལ། སྲིད་འཛིན་གཞོན་པ་ཟུར་པ་བྷའེ་ཌིན་ལགས་དང་ཁོ་མོར་འབྲེལ་མཐུད་མཇུག་འདེད་ (contact tracing) དང་། ནད་གཞི་བརྟག་དཔྱད། དེ་བཞིན་ཚང་མར་རིན་མེད་ཀྱི་སྔོན་འགོག་སྨན་ཁབ་བགོ་འགྲེམ་བྱ་རྒྱུས་མཚོན་པའི་རྒྱལ་ཡོངས་འཆར་གཞི་ཡོད་སྐོར་དང་། ཊོམ་ཕུ་སྲིད་གཞུང་གི་བྱེད་སྟངས་དག་གིས་འོས་བསྡུའི་ནང་བསྐྱར་དུ་ལངས་རྒྱུའི་ཐོབ་ཐང་མེད་སྐོར་བརྗོད་ཡོད་འདུག

གཙོ་སྐྱོང་བས་སྲིད་འཛིན་གཞོན་པ་མེག་པེན་སི་ལ་རྒྱལ་ཁབ་གཞན་དང་བསྡུར་ན། ཨ་རིར་ནད་པའི་འདས་གྲངས་མཐོན་པོ་ཡོད་དགོས་དོན་གང་ཡིན་སྐོར་དྲིས་པར་ཁོང་གིས།  འདི་ལོར་ཨ་རིའི་མི་མང་རྣམས་གཉན་འཕྲང་ཅན་གྱི་དུས་སྐབས་སུ་ལྷུང་ཡོད་ནའང་། སྲིད་འཛིན་ཊོམ་ཕུ་མཆོག་གིས་ཐོག་མ་ཉིད་ནས་ཨ་རིའི་མི་སེར་རྣམས་ཀྱི་འཕྲོད་བསྟེན་བདེ་འཇགས་ཨང་དང་པོར་བཟུང་ཡོད་པ་མ་ཟད། རྒྱ་ནག་ནས་ཨ་རིར་ཡོང་མཁན་ཚང་མ་བཀག་ཡོད་ཀྱང་། དེར་རྗོ་བྷའེ་ཌིན་གྱིས་དགག་བྱ་བཏོན་ཡོད་ལ། ཐག་གཅོད་དེ་ནི་ཕྱི་མིར་འཇིགས་སྣང་སློང་ཐབས་དང་ཚོར་ཤུགས་ཁོ་ནའི་རྗེས་སུ་འབྲངས་པ་ཞིག་ཡིན་སྐོར་སྐྱོན་བརྗོད་བྱས་ཡོད་སྐོར་དང་། དོན་དངོས་ཐོག་ཊོམ་ཕུ་མཆོག་གི་ཐག་གཅོད་དེས་ཨ་རིའི་མི་གྲངས་སྟོང་ཕྲག་མང་པོའི་སྲོག་བསྐྱབས་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༢ པའི་ཡར་སྔོན་ནས་སྔོན་འགོག་སྨན་ཁབ་དང་སྨན་བཟོ་མགོ་བརྩམས་ཏེ། ད་བར་ནད་པ་མང་པོ་དྲག་སྐྱེད་བྱུང་ཡོད་སྐོར་དང་། འདི་ལོའི་ལོ་མཇུག་ཙམ་ལ་སྔོན་འགོག་སྨན་ཁབ་འདོན་ཐུབ་རྒྱུའི་ཡིད་ཆེས་ཡོད་པ་དང་། སྲིད་བློན་འོས་མི་བྷའེ་ཌིན་གྱིས་བགྲངས་བའི་འཆར་གཞི་ཕལ་ཆེ་བ་ཊོམ་ཕུ་སྲིད་གཞུང་གིས་ལག་བསྟར་བྱེད་མུས་ཡིན་སྟབས། ཁོ་ཚོས་ད་ལྟའི་སྲིད་གཞུང་གི་འཆར་གཞི་དག་དཔེ་བཤུས་བྱས་ཡོད་པ་ལྟ་བུ་འདུག་སྐོར་བརྗོད་ཡོད་འདུགབགྲོ་གླེང་གི་གནད་དོན་ཆེ་ཁག་གཉིས་པ་དེ་སྲིད་འཛིན་གཞོན་པའི་ལས་འཁུར་དང་འབྲེལ་ཏེ། འོས་མི་གཉིས་ཀས་ཨ་རིའི་ལོ་རྒྱུས་ཁྲོད་ཀྱི་སྲིད་འཛིན་ལོ་རྒས་ཤོས་དེ་དང་ཕྱག་ལས་གནང་རྒྱུ་ཡིན་སྟབས། མ་འོངས་པའི་ལས་ཡུན་རིང་སྲིད་འཛིན་ལ་ལོའི་བབ་ཀྱི་ཆ་ནས་འཕྲོད་བསྟེན་གྱི་དཀའ་ངལ་འཕྲད་མི་སྲིད་པ་མིན་སྟབས། འོས་མི་གཉིས་ནས་གནད་དོན་དེའི་ཐད་རང་གི་སྲིད་འཛིན་ལ་གོ་བསྡུར་བྱས་ཡོད་མེད་དང་། ཨ་རིའི་མི་མང་ལ་རང་གི་སྲིད་འཛིན་འོས་མིའི་འཕྲོད་བསྟེན་གནས་སྟངས་སྐོར་ཤེས་རྟོགས་བྱེད་པའི་ཐོབ་ཐང་ཡོད་མེད་དྲིས་པར། སྲིད་འཛིན་གཞོན་པ་མེག་པེན་སི་ཡིས་དྲི་བ་དང་པོར་ལན་འདེབས་ཐད་ཀར་མ་བྱས་པར། ཕྱི་ལོ་ ༢༠༠༩ ལོར་ཨ་རིར་ཕག་པའི་ཆམ་ནད་ (Swine Flu) སླེབས་པ་དེ་ད་ལྟའི་ཏོག་དབྱིབས་གཉན་རིམས་ལྟ་བུའི་ཉེན་ཚབས་ཆེན་པོ་བྱུང་མེད་ནའང་། ཨ་རིའི་མི་གྲངས་ཨ་ཡ་ ༦༠ ལྷག་ལ་འགོས་ཡོད་ཅིང་། སྐབས་དེར་སྲིད་འཛིན་གཞོན་པ་རྗོ་བྷའེ་ཌིན་ལགས་ཡིན་པ་རེད། གལ་ཏེ་ཕག་པའི་ཆམ་ནད་དེ་ཏོག་ནད་ལྟ་བུའི་ཉེན་ཚབས་ཆེན་པོ་ཡིན་ན། དེ་དུས་ཨ་རིའི་མི་གྲངས་ས་ཡ་ ༢ ལྷག་རྐྱེན་འདས་སུ་ཕྱིན་ཡོད་སྲིད། ཅེས་དང་། ང་ཚོས་ད་བར་གང་བྱས་པ་དེར་སྤོབས་པ་སྐྱེ་བཞིན་ཡོད་པ་དང་། ཀ་མ་ལ་ཧ་རི་སི་ཡིས་ང་ཚོས་འདོན་འཆར་ཡོད་པའི་སྔོན་འགོག་སྨན་ཁབ་དེར་གདེང་ཚོད་མེད་སྐོར་བརྗོད་དེ། དེ་ཉིད་ཆབ་སྲིད་ཀྱི་ལག་ཆར་མི་སྤྱོད་རྒྱུའི་རེ་སྐུལ་ཞུ་བཞིན་ཡོད་ཅེས་བརྗོད་འདུག ཕྱིས་སུ་འཕྲོས་དོན་དྲི་བའི་སྐབས། མི་མང་ལ་རང་གི་སྲིད་འཛིན་ཀྱི་བདེ་ཐང་དང་འཕྲོད་བསྟེན་ཐད་ཤེས་རྟོགས་བྱ་རྒྱུའི་ཐོབ་ཐང་ཡོད་པ་དང་། ང་ཚོའི་ངོས་ནས་དེར་མཐུན་འགྱུར་བྱ་རྒྱུ་ཡིན་ཡང་། ཉེ་ཆར་སྲིད་འཛིན་ཊོམ་ཕུ་ལ་ཏོག་དབྱིབས་གཉན་རིམས་ཕོག་པ་དེར་སྲིད་དོན་ཚོགས་པའི་ཁོངས་མི་ཡོངས་ནས་རྒྱབ་སྐྱོར་ཤུགས་ཆེན་པོ་གནང་བ་དེར་སེམས་འགུལ་ཐེབས་སུ་བཅུག་སོང་། ཞེས་བརྗོད་འདུག

ཀ་མ་ཧ་རི་སི་ཡིས་ཀྱང་ལན་འདེབས་ཐད་ཀར་མེད་པར་རང་ཉིད་ཇི་ལྟར་སྲིད་འཛིན་གཞོན་པའི་འོས་མིར་སླེབས་པ་དང་། ཨ་རིའི་ཉེན་རྟོག་ལས་ཁུངས་དང་། གྲོས་ཚོགས་གོང་མའི་འཐུས་མིར་བདམས་ཐོན་བྱུང་བ་སོགས་རང་གི་ལོ་རྒྱུས་ལྷུག་བརྗོད་བྱས་རྗེས་དྲི་བ་གཉིས་པའི་ལན་དུ། སྲིད་འཛིན་གཞོན་པ་ཟུར་པ་བྷའེ་ཌིན་གྱིས་ཊོམ་ཕུ་དང་མི་འདྲ་བར་རང་གི་འཕྲོད་བསྟེན་དང་དཔྱ་ཁྲལ་གྱི་གནས་སྟངས་ཡོངས་རྫོགས་ཕྱི་གསལ་ནང་གསལ་བཟོས་ཡོད་པ་དང་། ཊོམ་ཕུ་གཞུང་ལ་དཔྱ་ཁྲལ་ཨ་སྒོར་ ༧༥༠ མ་གཏོགས་སྤྲད་མེད་པ་དེས་ཁོ་པར་ཨ་སྒོར་ས་ཡ་ ༤༠༠ ལྷག་གི་བུ་ལོན་ཡོད་པ་རྟོགས་ཐུབ་པ་དང་། གལ་ཏེ་དེ་ལྟར་ཡིན་ཚེ་ཁོས་སྲིད་འཛིན་གྱི་མིང་ཐོག་ནས་བླངས་པའི་ཐག་གཅོད་དེ་དག་རྒྱལ་ཁབ་ཀྱི་ཆེད་དུ་ཡིན་ནམ། ཡང་ན་རང་གི་ཁེ་ཕན་ཆེད་ཡིན་མིན་དོགས་སློང་བྱས་ཡོད་འདུག་ལ། བྷའེ་ཌིན་ལགས་ཀྱིས་ད་བར་དྲང་པོ་དྲང་བཞག་གིས་ཡོད་ཚད་མི་མང་གི་མདུན་དུ་བསྟན་ཡོད་ཀྱང་། ཊོམ་ཕུ་ནས་ད་བར་དངོས་དོན་སྦེད་ཐབས་བྱས་ཡོད་སྐོར་སྐྱོན་བརྗོད་བྱས་ཡོད་འདུག

དེའི་རྗེས་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་འབྲེལ་ནས་གཙོ་སྐྱོང་བས་ཀ་མ་ལ་ཧ་རི་སི་ལ། རྗོ་བྷའེ་ཌིན་གལ་ཏེ་སྲིད་འཛིན་དུ་གྱུར་ཚེ། ཨ་རིའི་ཕྱུག་བདག་སྒེར་པ་དང་བཟོ་ཚོང་ཁང་དག་ལ་དཔྱ་ཁྲལ་བསྣན་ཏེ། དེ་ནས་ཐོབ་པའི་དཔྱ་དངུལ་དག་དཔལ་འབྱོར་བསྐྱར་གསོའི་ཆེད་གཏོང་རྒྱུ་ཡིན་སྐོར་བརྗོད་པ་དེས་རྒྱལ་ཁབ་ཀྱི་ལས་ཀ་འཛུགས་སྐྲུན་དང་ཡར་རྒྱས་ལ་གནོད་སྐྱོན་འཐེབ་སྲིད་མིན་དྲིས་པར་ཁོང་མོས། བྷའེ་ཌིན་གྱིས་རྒྱལ་ཁབ་ཀྱི་དཔལ་འབྱོར་ཀྱི་སྟོབས་ཤུགས་དེ་ཨ་རིའི་ལས་གཉེར་བ་དང་ཁྱིམ་ཚང་གི་སྟོབས་ཤུགས་ལ་གཞི་འཛིན་གྱི་ཡོད་ཀྱང་། ཊོམ་ཕུ་ཡིས་ཕྱུག་བདག་ཚོའི་གནས་སྟངས་ཅི་ཡིན་ལ་ལྟ་ཡི་ཡོད་སྟབས། ཁོ་པས་ཁྲལ་བསྡུའི་ཁྲིམས་སྒྲིག་ལ་བསྐྱར་བཅོས་བཏང་སྟེ་རྒྱལ་ཁབ་ཀྱི་ཕྱུག་བདག་དང་བཟོ་གྲྭ་ཆེ་ཁག་ལ་ཁེ་ཕན་བསྐྲུན་ཡོད་སྐོར་དང་། གལ་ཏེ་བྷའེ་ཌིན་སྲིད་འཛིན་དུ་བསྐོས་ཚེ་ཊོམ་ཕུ་ཡི་ཁྲལ་བསྡུའི་ལམ་སྲོལ་དེ་རྩིས་མེད་བཏང་སྟེ། དངུལ་རྣམས་མི་མང་གི་ཐོག་ལ་བཀོལ་སྤྱོད་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

དེར་སྲིད་འཛིན་གཞོན་པ་མེག་པེན་སི་ཡིས། སྲིད་འཛིན་ཊོམ་ཕུ་ཡིས་དཔྱ་ཁྲལ་མར་བཅག་པའི་རྐྱེན་གྱིས། ཨ་རིའི་དུད་ཚང་གཅིག་ལ་ཁྲལ་གྱི་གསོག་དངུལ་ཨ་སྒོར་ ༢༠༠༠ བྱུང་ཡོད་ལ། ལས་ཞུགས་མི་འབོར་གྱི་གླ་ཕོགས་ཀྱང་ཡར་འཕར་ཡོད་སྐོར་དང་། འདི་ལོའི་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་ཨ་རིའི་ནང་ལས་ཀ་ས་ཡ་ ༢༢ ལྷག་ཤོར་ཡོད་ནའང་། ད་ལྟ་ས་ཡ་ ༡༡།༦ ལྷག་བསྐྱར་གསོ་བྱས་ཐུབ་ཡོད་པ་དང་། ཨ་རིའི་གྲོས་ཚོགས་ནས་ཨ་སྒོར་ཐེར་འབུམ་ ༤༠༠༠ ལྷག་བླངས་ཏེ་ཨ་རིའི་དུད་ཚང་ཁག་ལ་ཐད་ཀར་བགྲོ་འགྲེམ་བྱས་ཡོད་པ། རྗོ་བྷའེ་ཌིན་དང་ཀ་མ་ལ་ཧ་རི་སི་གཉིས་ཀྱིས་དཔྱ་ཁྲལ་སྤར་ཏེ་ཨ་རིའི་དཔལ་འབྱོར་མེད་པར་བཟོ་ན་སྙམ་གྱི་ཡོད་སྐོར་སྐྱོན་བརྗོད་དྲག་པོ་དང་སྦྲགས། གལ་ཏེ་ཊོམ་ཕུ་བསྐྱར་དུ་སྲིད་འཛིན་དུ་བདམས་ཚེ། འབྱུང་འགྱུར་ལོ་ ༤ དེ་ཨ་རིའི་ལོ་རྒྱུས་ཁྲོད་ཀྱི་དཔལ་འབྱོར་ལེགས་གྲུབ་ཆེ་ཤོས་ཀྱི་ལོར་འགྱུར་ངེས་ཡིན་སྐོར་བརྗོད་འདུག

བགྲོ་གླེང་གི་གནད་དོན་ཆེན་པོ་བཞི་པ་ཨ་རྒྱའི་འབྲེལ་ལམ་ཐད། མེག་པེན་སི་ཡིས། ཏོག་དབྱིབས་གཉན་རིམས་འདི་རྒྱ་ནག་ལན་པ་རེད། རྒྱ་ནག་དང་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་གཉིས་ཀྱིས་ཨ་རིར་དྲང་བདེན་བྱས་མེད། ཁོ་ཚོས་འདི་ལོའི་ཕྱི་ཟླ་ ༢ པའི་ཟླ་དཀྱིལ་ཙམ་ལ་མ་གཏོགས་ང་ཚོའི་འཕྲོད་བསྟེན་མི་སྣ་རྣམས་གནས་ཚུལ་ཤེས་རྟོགས་ཀྱི་ཆེད་དུ་རྒྱ་ནག་ལ་ཡོང་དུ་བཅུག་མེད། འོན་ཀྱང་སྟབས་ལེགས་པ་ཞིག་ལ་སྲིད་འཛིན་ཊོམ་ཕུ་ཡིས་རྒྱ་ནག་ལ་གདོང་གཏད་དེ། འདས་པའི་ལོ་ངོ་བཅུ་ཕྲག་འགའ་ཤས་རིང་ནས་ང་ཚོའི་ས་ནས་ཁེ་བཟང་ཁོ་ན་བླངས་པ་དེར་ཁ་གཏད་གཅོག་གི་ཡོད། ང་ཚོས་རྒྱ་ནག་དང་འབྲེལ་བ་འཛུགས་འདོད་ཡོད་ཀྱང་། འདྲ་མཉམ་ཡོང་ཐབས་དང་རྒྱ་ནག་གིས་འགན་འཁུར་དུ་འཇུག་རྒྱུ་ཡིན། ཅེས་བརྗོད་འདུག་པ་དང་། དེར་ཀ་མ་ལ་ཧ་རི་སི་ཡིས། ཊོམ་ཕུ་སྲིད་གཞུང་གིས་རྒྱ་ནག་ལ་འཛིན་པའི་སྲིད་བྱུས་དག་གིས་ཨ་རིའི་མི་མང་གི་ཚེ་སྲོག་དང་། ལས་ཀ དེ་བཞིན་ཨ་རིའི་གནས་བབ་བཅས་བརླག་ཏུ་བཅུག་ཡོད། ཞིབ་འཇུག་སྙན་ཐོ་ལྟར་ན། ད་ལྟའི་ང་ཚོའི་མཐུན་ཕྱོགས་རྒྱལ་ཁབ་ཚོས་ཨ་རིའི་སྲིད་འཛིན་ཊོམ་ཕུ་ལས། རྒྱ་ནག་གི་དམར་ཤོག་ཚོགས་པའི་མགོ་འཁྲིད་ཞི་ཅིན་ཕིན་ལ་ཆེ་མཐོང་ཆེ་བ་སྤྲོད་ཀྱི་ཡོད་པ་ཤེས་རྟོགས་བྱུང་ཡོད། ཅེས་བརྗོད་འདུག

དེ་བཞིན་སྲིད་འཛིན་འོས་མི་གཉིས་ཀྱི་ཨ་རྒྱའི་ཚོང་དམག་དང་འབྲེལ་བའི་བགྲོ་གླེང་སྐབས། ཀ་མ་ལ་ཧ་རི་སི་ཡིས། ཨ་རྒྱའི་ཚོང་དམག་ཁྲོད་ཨ་རིའི་ཕམ་ཁོ་ན་མྱངས་ཡོད་པ་དང་། ཚོང་དམག་དེའི་རྐྱེན་པས་ཨ་རི་ལ་འཛུགས་སྐྲུན་ཚན་པའི་ལས་ཀ་འབུམ་ ༣ ལྷག་བརླགས་ཡོད་པ་མ་ཟད། ཞིང་པ་ཚོའི་མ་རྩ་བརྡིབས་ཡོད། དེའི་རྐྱེན་པས་ཨ་རིའི་འཛུགས་སྐྲུན་ཚན་པ་དེ་ཉམས་དམས་ཀྱི་གནས་སུ་ལྷུང་ཡོད་ཅིང་། སྲིད་འཛིན་ལས་ཡུན་འདི་མཇུལ་སྒྲིལ་སྐབས་ད་དུང་ལས་ཀ་མང་པོ་ཞིག་བརླག་ངེས་རེད། ཅེས་བརྗོད་པ་དེར་སྲིད་འཛིན་གཞོན་པ་མེག་པེན་སི་ཡིས།  རྗོ་བྷའེ་ཌིན་གྱིས་རྒྱ་ནག་དང་ཚོང་དམག་འཁྲུག་མྱོང་མེད། བྷའེ་ཌིན་ནི་འདས་པའི་ལོ་བཅུ་ཕྲག་འགའི་རིང་ནས་རྒྱ་ནག་ལ་ཡི་རངས་བྱེད་མཁན་ཞིག་རེད། བྷའེ་ཌིན་སྲིད་འཛིན་གཞོན་པ་ཡིན་སྐབས་ཨ་རིའི་འཛུགས་སྐྲུན་ལས་ཀ་འབུམ་ ༢ བརླགས་ཡོད་པ་རེད། སྲིད་འཛིན་ཟུར་པ་ཨོ་བྷ་མས་ཀྱང་བརླགས་ཟིན་པའི་ལས་ཀ་དེ་དག་ཕྱིར་ལོག་རྒྱུ་མེད་པ་བཤད་ཡོད་པ་རེད། འོན་ཀྱང་སྲིད་འཛིན་ཊོམ་ཕུ་ཡིས་དཔྱ་ཁྲལ་མར་བཅག་སྟེ་འཛུགས་སྐྲུན་ལས་ཀ་འབུམ་ ༥ ལྷག་བསྐྲུན་ཡོད། ཅེས་བརྗོད་འདུག

བགྲོ་གླེང་སྟེང་འོས་མི་གཉིས་ནས་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་གནས་སྟངས་དང་། དེ་དང་འབྲེལ་ནས་ཕྱོགས་གཉིས་ཀྱི་དཔལ་འབྱོར་གྱི་འཆར་གཞི་དང་། ཊོམ་ཕུ་སྲིད་གཞུང་གིས་ཨ་རི་དེ་པེ་རི་སི་གནམ་གཤིས་སྤྱི་ཆིངས་ (Paris Climate Accord) ནས་ཕྱིར་འཐེན་བྱས་པ། དམངས་གཙོ་ཚོགས་པའི་ཁོར་ཡུག་སྲུང་སྐྱོབ་ལ་དམིགས་པའི་དཔལ་འབྱོར་གྲོས་འཆར་ (Green New Deal) གྱི་གནད་དོན་སྐོར་དང་། དེ་བཞིན་ཨ་རིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་དཔོན་གཞོན་པའི་འོས་མི་སྐོར་དང་། ཨ་རིའི་འཕྲོད་བསྟེན་བདེ་འཇགས་སྲིད་བྱུས། མི་རིགས་དཀར་ནག་གི་དབྱེ་འབྱེད་དང་། མཐའ་མཇུག་དེར་ད་ལྟའི་ཨ་རིའི་སྲིད་འཛིན་འོས་བསྡུ་དང་འབྲེལ་བའི་སྐོར་ལ་བགྲོ་གླེང་གནང་འདུག

ཉེ་ཆར་ཕྱི་ཚེས་ ༢༩ ཉིན་ཚོགས་པའི་སྲིད་འཛིན་ཊོམ་ཕུ་དང་རྗོ་བྷའེ་ཌིན་གྱི་བགྲོ་གླེང་དེར་མང་ཚོགས་དང་དབྱེ་ཞིབ་པས་སྐྱོན་བརྗོད་དྲག་པོ་བྱས་པར་བརྟེན། ད་ལན་གྱི་ཆུ་ཚོད་ཕྱེད་དང་གཉིས་ལྷག་གི་ཨ་རིའི་སྲིད་འཛིན་གཞོན་པའི་བགྲོ་གླེང་འདིར་དོ་སྣང་དང་རེ་བ་དམིགས་བསལ་ཞིག་བརྒྱབ་པ་ལྟར། དབྱེ་ཞིབ་པས་སྲིད་འཛིན་བགྲོ་གླེང་དང་བསྡུར་ན། སྲིད་འཛིན་གཞོན་པའི་བགྲོ་གླེང་དེ་ལུགས་དང་མཐུན་ཞིང་། འོས་མི་གཉིས་བར་སྤྱི་ཡོངས་ནས་ཤོད་མཚམས་གཅོད་པ་དང་། ཕན་ཚུན་གྱི་མི་གཞི་ལ་སྐྱོན་འཛུགས་བྱས་པའི་གནས་ཚུལ་ཐོན་མེད་པའི་ཐོག བགྲོ་གླེང་གི་གནད་དོན་རང་གི་སྒང་ལ་གོ་བསྡུར་བྱ་རྒྱུའི་ཁོར་ཡུག་ཅིག་བསྐྲུན་ཐུབ་ཡོད་སྐོར་རྗོད་ཀྱིན་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༡༠/༠༨

Leave a Reply