རྒྱ་ནག་གཞུང་གིས་རྒྱ་གར་གྱི་གསར་འགོད་པ་ཚོར་ཉེན་བརྡ་བཏང་།

རྒྱ་ནག་གཞུང་གིས་རྒྱ་གར་གྱི་གསར་འགོད་པ་ཚོར་ལམ་སྟོན་ཡི་གེ་ཟེར་བ་ཞིག་བཏང་སྟེ་གསར་འགོད་ལས་རིགས་གཉེར་མཁན་ཚོས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་ངོས་འཛིན་ཡག་པོ་བྱས་ཏེ་ཐའེ་ཝན་སྐོར་གྱི་གནས་ཚུལ་འདོན་སྤེལ་མི་ཆོག་པའི་ཉེན་བརྡ་བཏང་།རྒྱ་གར་ཧིན་རྡུན་སི་ཐན་དུས་བབ་གསར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཐའེ་ཝན་གྱི་རྒྱལ་སྟོན་དུས་ཆེན་བསླེབ་ལ་ཉེ་བའི་སྐབས་འདིར། ཁ་སང་རྒྱ་ནག་གཞུང་གིས། རྒྱ་གར་གྱི་གསར་འགོད་པ་ཚོར་ལམ་སྟོན་ཡི་གེ་ཟེར་བ་ཞིག་བཏང་སྟེ། རྒྱ་ནག་དང་ཕྱི་འབྲེལ་ཡོད་པའི་འཛམ་གླིང་རྒྱལ་ཁབ་ཁག་གིས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་སྔར་བཞིན་ངོས་འཛིན་བརྟན་པོ་དགོས་སྐོར་བསྒྲགས་པ་དང་འབྲེལ། འཛམ་གླིང་ནང་རྒྱ་ནག་གཅིག་མ་གཏོགས་མེད་པ་དང་། རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་གིས། རྒྱ་གར་གཞུང་གི་ལངས་ཕྱོགས་ལྟར་རྒྱ་ནག་གཅིག་གི་སྲིད་བྱུས་ལ་རྡོག་རོལ་གཏོང་མི་ཉན་པའི་དྲན་སྐུལ་ཞུ་ཡི་ཡོད་སྐོར་བརྗོད་ཡོད་པ་དང་། ད་ལྟའི་ཆར་རྒྱ་གར་གསར་འགོད་མཐུན་ཚོགས་སོགས་ཀྱི་ངོས་ནས་རྒྱ་ནག་ལ་ལན་འདེབས་གང་ཡང་བྱས་མིན་འདུག

རྒྱལ་ས་ལྡི་ལིའི་རྒྱ་ནག་གཞུང་ཚབ་ཁང་གིས། ང་ཚོས་རྒྱ་གར་གྱི་གསར་འགྱུར་ལས་རིགས་དང་འབྲེལ་བའི་གྲོགས་པོ་ཚོར་དྲན་སྐུལ་ཞིག་ཞུ་བཞིན་ཡོད་པ་ནི། འཛམ་གླིང་ནང་རྒྱ་ནག་གཅིག་ལས་མེད་པ་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་ཁྲིམས་མཐུན་གྱི་རྒྱ་ནག་ཡོངས་མཚོན་གྱི་ཡོད། ཅེས་དང་། ཐའེ་ཝན་ནི་ཁ་དབྲལ་ཐབས་མེད་པའི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པ་དང་། རྒྱ་གར་གཙོས་པའི་རྒྱ་ནག་དང་ཕྱི་འབྲེལ་ཡོད་པའི་འཛམ་གླིང་རྒྱལ་ཁབ་ཚང་མས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་བརྩི་འཇོག་བརྟན་པོ་བྱེད་པའི་རེ་བ་བྱེད་ཀྱི་ཡོད། ཅེས་བརྗོད་ཡོད་འདུག

ལམ་སྟོན་ཡི་གེ་ཟེར་བའི་ནང་། རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་གིས་ཐའེ་ཝན་ལ་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ཟེར་བ་དང་རྒྱལ་ཁབ་ཅིག་ལ་ངོས་འཛིན་བྱེད་པ་དང་། ཐའེ་ཝན་སྲིད་འཛིན་ལ་སྲིད་འཛིན་སོགས་ཀྱི་ངོས་འཛིན་བྱེད་མི་ཆོག གལ་སྲིད་དེ་ལྟར་བྱས་ཚེ། སྤྱི་དམངས་ལ་གོ་ནོར་སྤྲོད་ཀྱི་ཡོད། ཅེས་བརྗོད་ཡོད་པ་དང་། རྒྱ་གར་གྱི་གསར་འགོད་པ་ཚོས་རྒྱ་ནག་གི་རེ་སྐུལ་ཇི་བཞིན་ལས་གནས་ལག་བསྟར་གནང་ཚེ། རྒྱ་ནག་གཞུང་ཚབ་ཁང་གིས་རྒྱ་གར་གསར་འགོད་པ་རྣམས་དང་འབྲེལ་ལམ་རྒྱུན་སྐྱོང་གིས་མ་འོངས་པར་རྒྱ་ནག་དང་འབྲེལ་བའི་གནས་ཚུལ་རིགས་མཁོ་སྤྲོད་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད།

ད་རེས་རྒྱ་གར་གསར་འགོད་པ་རྣམས་ལ་ལམ་སྟོན་ཡི་གེ་ཟེར་བ་དེ་ནི། རྒྱལ་ས་ལྡི་ལིའི་གསར་ཁང་གཉིས་ཀྱི་དྲ་ཐོག་དང་ཚགས་ཤོག་ཐོག་ཏུ། ཐའེ་ཝན་སྲིད་འཛིན་གྱི་པར་དང་ཐའེ་ཝན་དང་རྒྱ་གར་གཉིས་གྲོགས་པོ་ཡིན་པའི་འབོད་ཚིག་འཁོད་པའི་ཁྱབ་བསྒྲགས་རིགས་སྤེལ་རྗེས་བྱུང་བ་ཞིག་ཡིན་པ་དང་། རྒྱ་གར་གྱི་གསར་འགྱུར་བརྒྱུད་ཁག་ཏུ་བཀོད་པའི་ཐའེ་ཝན་གཞུང་འབྲེལ་གྱི་ཁྱབ་བསྒྲགས་ནང་། ཐའེ་ཝན་གྱིས་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཀྱི་དཀའ་ངལ་ལ་གདོང་ལེན་བྱེད་ཕྱོགས་དང་འབྲེལ་བའི་མཉམ་མྱོང་དང་སྨན་སྦྱོར་སོགས་རྒྱ་གར་ལ་བློ་ཉེ་བོའི་ཐོག་མཛུབ་སྟོན་བྱ་རྒྱུ་ཡིན་སྐོར་བསྒྲགས་ཡོད་འདུག

རྒྱ་ནག་གིས་ལམ་སྟོན་ཡི་གེ་ཟེར་བ་བརྒྱུད་ལམ་ཁག་ཏུ་ཁྱབ་བརྡལ་བྱུང་བ་དང་ཊེ་ཝི་ཊར་སྟེང་རྒྱ་གར་བ་མང་པོ་ཞིག་གིས་རྒྱ་ནག་ལ་སྐྱོན་བརྗོད་བྱེད་མགོ་བརྩམས་ཡོད་པ་དང་། ཐའེ་ཝན་ཕྱི་སྲིད་བློན་ཆེན་ཇོ་སེ་ཧྥི་ཝོ་(Jaushieh Joseph Wu)ལགས་ཀྱིས། རྒྱ་གར་ནི་དམངས་གཙོ་དང་རང་དབང་ལ་དགའ་བའི་འཛམ་གླིང་གི་དམངས་གཙོ་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་དང་། རྒྱ་ནག་གཞུང་གིས་ས་མཚམས་ལས་བརྒལ་ཏེ་རྒྱ་གར་ནང་སྟངས་འཛིན་བྱེད་ཐུབ་པར་རེ་བ་རྒྱག་གི་ཡོད། དེར་བརྟེན། ཐའེ་ཝན་གྱི་གྲོགས་པོ་རྒྱ་གར་བ་ཚོར་རྒྱ་ནག་ལ་ལན་གཅིག་ཡོད། དེ་ནི་རྒྱ་ནག་ཕར་བརླག་རྒྱུགས། ཟེར་བ་དེ་ཡིན། ཞེས་བརྗོད་འདུག

ཉེ་སྔོན་རྒྱ་དཀར་ནག་གཉིས་བར་ས་མཚམས་རྩོད་རྙོག་བྱུང་རྗེས། དཔྱད་བརྗོད་པ་དང་ཆེད་མཁས་པ་ཁག་ཅིག་གིས་ལྡི་ལི་གསར་པས་ཐའེ་ཝན་གྱི་འབྲེལ་ལམ་ལ་བསྐྱར་ཞིབ་དགོས་པ་ནན་སྐུལ་བྱས་ཡོད་པ་དང་། ད་རེས་ཐའེ་ཝན་གྱིས་གཞུང་འབྲེལ་ཁྱབ་བསྒྲགས་རིགས་རྒྱ་གར་ནང་སྤེལ་དོན་ཡང་རྒྱ་དཀར་ནག་གཉིས་བར་ས་མཚམས་རྩོད་རྙོག་འགྲོ་བཞིན་པའི་སྐབས་ཆབ་སྲིད་ཀྱི་གོ་སྐབས་བཟུང་བ་ཞིག་ཆགས་ཀྱི་ཡོད་འདུག

ཐའེ་ཝན་གྱི་རྒྱལ་སྟོན་དུས་ཆེན་དེ་ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་ཡིན་པ་དང་། ད་ལྟའི་ཆར་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཀྱི་དཀའ་ངལ་འོག འདི་ལོར་ཐའེ་ཝན་གྱིས་རྒྱལ་སྟོན་དུས་ཆེན་དྲ་ལམ་བརྒྱུད་སྲུང་གཙི་གནང་འཆར་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༡༠/༠༩

Leave a Reply