ནོ་བྷེལ་རྩོམ་རིག་བྱ་དགའ་སྙན་ངག་མ་ཞིག་ལ་ཐོབ།

ཨ་རིའི་དེང་རབས་སྙན་ངག་ཐོག་སྐད་གྲགས་ཡོད་པའི་བུད་མེད་སྙན་ངག་མ་ལྕམ་ལོའུ་སི་གྷུ་ལིག་ལགས་ལ་ཕྱི་ལོ་ ༢༠༢༠ ལོའི་ནོ་བྷེལ་རྩོམ་ཡིག་བྱ་དགའ་ཐོབ་ཡོད་འདུག

དེ་རིང་སི་ཝེ་ཌེན་གྱི་རྒྱལ་ས་སི་ཊོག་ཧོམ་ (Stockholm) དུ། ནོ་བྷེལ་གཟེངས་རྟགས་ལྷན་ཚོགས་ཀྱིས་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ཏེ། ཕྱི་ལོ་ ༢༠༢༠ ལོའི་ནོ་བྷེལ་རྩོམ་རིག་གཟེངས་རྟགས་དེ་ཨ་རིའི་སྙན་ངག་པ་གྲགས་ཅན་ལྕམ་ལོའུ་སི་གྷུ་ལིག་ (Louise Glück)ལགས་ལ་འབུལ་གཏན་འཁེལ་ཡོད་འདུག

ནོ་བྷེལ་གཟེངས་རྟགས་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཨེན་ཌེར་སི་ཨོལ་སན་ (Anders Olsson) གྱིས་ཡོངས་ཁྱབ་གསལ་བསྒྲགས་གནང་སྐབས། ལོའུ་སི་གྷུ་ལིག་ལགས་ཀྱིས་ད་བར་སྙག་ངག་ཕྱོགས་བསྒྲིགས་ ༡༢ དང་སྙན་ངག་སྐོར་གྱི་རྩོམ་ཡིག་བསྡུ་སྒྲིག་བྱས་པའི་དེབ་འགའ་ཤས་པར་སྐྲུན་བྱས་ཡོད་པ་དང་། ཁོང་མོའི་བརྩམས་ཆོས་ནང་ཆུང་དུས་དང་། ཁྱིམ་ཚང་གི་འཚོ་བ། ཕ་མ་དང་མིང་སྲིང་བར་གྱི་དམ་ཟབ་ཀྱི་འབྲེལ་བ་བཅས་ནི་ཁོང་མོའི་བརྩམས་ཆོས་ཕལ་ཆེ་བར་མངོན་པའི་བརྗོད་དོན་གཙོ་བོ་ཡིན་ལ། ཁོང་མོའི་སྙན་ངག་ནང་། རང་ཉིད་ཀྱི་རྨི་ལམ་དང་འཁྲུལ་རྟོག་ལ་འཚོལ་སྙེག་བྱེད་ཀྱིན་ཡོད་པ་མངོན་ཐུབ། ཅེས་དང་། ཁོང་མོས་འཇིག་རྟེན་ཡོངས་ལ་བསྙབས་ཏེ། གནའ་བོའི་ལྷ་སྒྲུང་དང་མཚོན་དོན་བཅས་ཀྱིས་སེམས་འགུལ་ཐེབས་སུ་བཅུག་སྟེ་རང་གི་བརྩམས་ཆོས་ཁྲོད་དེ་དག་མངོན་པར་བྱས་ཡོད། ཅེས་བརྗོད་འདུག

ཡང་གསལ་བསྒྲགས་ནང་། གྷུ་ལིག་ལགས་ཀྱི་རང་རྣམ་ཀྱི་རྒྱབ་ལྗོངས་དེས་ཁོ་མོའི་བརྩམས་ཆོས་ལ་ཤུགས་རྐྱེན་ཆེན་པོ་སྤྲད་ཡོད་ནའང་། ཁོང་མོ་ནི་ཐོལ་བརྒལ་སྙན་ངག་པ་ཞིག་ཏུ་ངོས་འཛིན་བྱ་རྒྱུ་མིན་སྐོར་དང་། ཁོང་མོའི་བརྩམས་ཆོས་དག་ལ་ཁྱད་ཆོས་དམིགས་བསལ་བ་གཙོ་བོ་གསུམ་ཡོད་དེ། ཁྱིམ་ཚང་གི་འཚོ་བའི་བརྗོད་དོན་ཐོག སྒམ་པོ་ཡིན་ནའང་སྤྱང་གྲུང་ལྡན་པའི་དགོད་སྤྲོའི་རྣམ་པ་དང། ལྷུག་པར་བརྗོད་པའི་ཁྱད་ཆོས་ལྡན་ཡོད། ཅེས་སོགས་བརྗོད་འདུག

ལྕམ་ལོའུ་སི་གྷུ་ལིག་ལགས་ཀྱིས་རྩོམ་འབྲི་བ་དང་མཉམ་དུ་ཡ་ལེ་གཙུག་ལག་སློབ་གྲྭ་ཆེན་མོ་རུ་དབྱིན་ཡིག་གི་དགེ་རྒན་ཆེན་མོའི་ཕྱག་ལས་གནང་ཞིང་། ཕྱི་ལོ་ ༡༩༦༨ ལོར་ལས་ཞོར་དུ་ཁོ་མོའི་སྙན་ངག་ཕྱོགས་བསྒྲིགས་ཐོག་མ་ (Firstborn)ཞེས་པ་པར་བསྐྲུན་གནང་སྟེ། ཨ་རིའི་ནང་གི་དེང་རབས་སྙན་ངག་པ་གྲགས་ཅན་ཞིག་ཏུ་གྱུར། དེ་བཞིན། མོས་(The Triumph of Achilles)དང(Ararat)སོགས་ཀྱི་བརྩམས་ཆོས་གང་མང་བརྩམས་ཏེ་རྩོམ་རིག་སྒྱུ་རྩལ་ཐད་བྱས་རྗེས་མི་དམན་པ་བཞག་ཡོད་པར་བརྟེན། ཕྱི་ལོ་ ༡༩༩༣ ལོར་ཨ་རིའི་རྩོམ་རིག་དང་སྒྱུ་རྩལ་རིག་པའི་གཟེངས་རྟགས་(Pulitzer)ཞེས་པ་ཐོབ། ཕྱི་ལོ་ ༢༠༡༤ ལོར་ཨ་རིའི་རྒྱལ་ཡོངས་ཀྱི་རྩོམ་རིག་བྱ་དགའ་སོགས་ཐོབ་ཡོད་འདུགལྕམ་ལོའུ་སི་གྷུ་ལིག་(Louise Glück)ལགས་ནི་ཕྱི་ལོ་  ༡༩༤༣ ལོར་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་སྐྱེས་ཤིང་། མཱ་སི་ཆུ་སེ་ཊི་མངའ་སྡེའི་གྲོང་ཁྱེར་ (Cambridge)ཁམ་བྷི་རི་ཇིའི་ནང་འཚར་ལོངས་བྱུང་། མོ་ཆུང་དུས་ནས་ཟ་མ་བཟའ་མི་ཐུབ་པའི་ནད་པ་(Anorexia nervosa)ཞིག་ཡིན་སྟབས། ཆུང་དུས་ནས་ཕ་མ་གཉིས་ཀྱི་འགྲམ་ནས་སྒྲུང་ཉན་པ་དང་སྙང་ངག་འབྲི་བ་སོགས་རང་སྦྱོང་བྱས་ཡོད། ལོའུ་སི་ལགས་རང་ལོ་ ༡༨ སྟེ་ཕྱི་ལོ་ ༡༩༦༡ ལོར་ནེའུ་ཡོག་གི་(George W. Hewlett)མཐོ་སློབ་ནས་སློབ་མཐར་ཕྱིན། ནད་ཚ་ཡི་རྐྱེན་པས་མོས་མུ་མཐུད་སློབ་གཉེར་ཡག་པོ་ཞིག་བྱེད་མ་ཐུབ་ནའང་། ཤི་མ་གསོན་གྱི་མི་ཚེའི་བགྲོད་ལམ་ཁྲོད་མོས་ཁོ་ལིམ་བྷེ་ཡ་(Columbia)གཙུག་ལག་སློབ་གྲྭ་ཆེན་མོ་དང་ སཱ་ར་ལཱོ་རན་སི་(Sarah Lawrence)མཐོ་སློབ་སོགས་སུ་ཟུར་ཞུགས་ཀྱིས་སྙན་ངག་གཙོས་པའི་སློབ་ཚན་མང་དག་ཅིག་རང་ཉིད་ཀྱི་སྩོལ་བར་བརྟེན་ནས་མི་ཚེའི་རེ་སྙེག་འགྲུབ་པར་བྱས་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༡༠/༠༩

Leave a Reply