མི་ལོ་བདུན་ཅུ་འཁོར་ཟེར་བ་ལས་འཕྲོས་པའི་གཏམ།

ཆབ་མདོ་ངག་ཕུན།

དེང་སྐབས་རྒྱ་དམར་སྲིད་གཞུང་གིས་ཆབ་མདོ་ཞི་བའི་བཅིངས་འགྲོལ་བཏང་ནས་མི་ལོ་བདུན་ཅུ་འཁོར་ཚུལ་ཟེར་ནས་འུར་སྒྲོག་བྱས་དང་བྱེད་བཞིན་འདུག་མོད། དེ་ལས་ལྡོག་སྟེ་བོད་ཁམས་ཡོངས་སུ་དྲག་པོས་བཙན་གནོན་དང་མནར་གཅོད་བྱས་ནས་མི་ལོ་བདུན་ཅུ་འཁོར་བ་རེད་ཅེས་བརྗོད་ན་ལེགས་ཤོས་དང་མཚམས་ཤོས་ཀྱི་གནས་སྟངས་ཤིག་རེད་སྙམ། རྒྱུ་མཚན་ནི་རྒྱ་དམར་བོད་ཆོས་ལྡན་གྱི་ཞིང་ཁམས་སུ་བཙན་འཛུལ་བྱས་ནས་བོད་མི་རིགས་ཀྱི་སྲོག་ལས་གཅེས་པའི་ཆོས་དང་རིག་གཞུང་བསམ་ཡུལ་ལས་འདས་པའི་གཏོར་བཤིག་བཏང་བ་དང་། གནད་ཡོད་མི་སྣ་དུ་མ་ཞིག་ཉེས་མེད་ཀྱིས་ཞ་མོ་ནག་པོ་གཡོགས་ནས་འཐབ་འཛིང་དང་དམར་བསད་བཏང་བ། ཉེས་མེད་མི་དམངས་དུ་མ་ཞིག་ལྟོགས་ཤི་ཐེབས་བཅུག་པ་སོགས་ཡ་ང་བའི་ལོ་རྒྱུས་ཀྱི་སྐྱོ་གར་གྱི་གནས་སྟངས་ཤིག་ཡོད། བོད་ནི་ལོ་རྒྱུས་ཡུན་རིང་ལྡན་ཞིང་རང་དབང་རང་བཙན་ཅན་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་། མི་རྣམས་ཞི་བདེ་དང་རང་དབང་ལ་དགའ་མཁན་གྱི་མི་རིགས་ཤིག་གི་ལུང་པར་རྒྱ་དམར་གུང་ཁྲན་ཏང་གིས་དྲག་པོས་བཙན་འཛུལ་བྱས་པ་རེད།དེ་ཡང་ཆབ་མདོ་ཞེས་པ་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་གནའ་བོའི་གྲོང་ཁྱེར་ཞིག་ཡིན་པ་དང་། དེར་གནས་ཀྱི་མི་རྣམས་རང་བཞིན་གྱིས་ཆོས་དད་དང་ཆོས་སེམས་ཆེ་ཞིང་། དགེ་བའི་ལས་ལ་བརྩོན་མཁན་གྱི་མི་རིགས་ཤིག་ཀྱང་ཡིན་པ་རེད། ཆབ་མདོ་ནི་ལོ་རྒྱུས་ཤིན་ཏུ་སྔ་སྟེ། དེ་ཡང་ཆབ་མདོ་ནས་སྔ་ཕྱིར་རྡོ་ཆས་གསར་པའི་དུས་ཀྱི་ཤུལ་རྗེས་ཆབ་མདོའི་མཁར་རོ་དང་དངུལ་མདའི་མཁར་ཤུལ་རྙེད་གསོན་བྱུང་བ་དེས་ཆབ་མདོར་ལོ་ངོ་ལྔ་སྟོང་གི་གོང་ནས་མིའི་རིགས་འཚོ་གནས་ཡོད་པ་མ་ཟད་གྲོང་ཚོའི་དབྱིབས་ཀྱང་ཆགས་པ་དང་། འབུ་རིགས་འདེབས་ལས་དང་། སྒོ་ཕྱུགས་གསོ་བ་དང་མཉམ་དུ་རི་དྭགས་ཀྱང་རྔོན་པ་མཚོན་ཡོད་པ་རེད་ཅེས་གསལ་དོན་ལྟར་ལོ་རྒྱུས་ཡུན་རིང་ལྡན་པའི་མཁར་གྲོང་ཞིག་ཡིན་པ་ཤེས་ཐུབ་པ་དེ་རེད།

ཆབ་མདོ་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་ཆ་སྙོམས་སྨི་སུམ་སྟོང་ལྔ་བརྒྱ་ཡོད་སྐད་དང་། ས་བབ་དམིགས་བསལ་དང་ཡ་མཚན་ཆེ་ཞིང་ནུབ་བྱང་མཐོ་ཞིང་ཤར་ལྷོ་དམའ་ལ་བྱང་ངོས་ནས་ལྷོ་ངོས་སུ་རོང་གྲོག་ཇེ་དོག་དང་། ནུབ་བྱང་ངོས་སུ་རི་ཚོགས་ཉུང་ལ་རྒྱུག་ཆུ་གྲམ་ཆེ་བ་དང་། ལྷོ་ངོས་རི་ཚོགས་ཆེ་བ། གཡང་གཟེར་རོང་གྲོག་དོག་ལ་ཆུ་ཕྲན་མང་པོ་ཡོད་སྐད། ཆབ་མདོའི་ཤར་ཕྱོགས་སུ་སྡེ་དགེ་དང་། ལྷ་ཐོག གོ་འཇོ་དང་། ལྷོ་ཕྱོགས་སུ་བྲག་གཡག ནུབ་ཕྱོགས་སུ་ཚ་བ་དཔའ་ཤོད་། བྱང་ཕྱོགས་སུ་ནང་ཆེན་དང་རི་བོ་ཆེ། ནུབ་བྱང་དུ་ཁྱུང་པོ་དཀར་རུ་དང་། རྡོ་ཤུལ་བཅས་ཡིན་པ་རེད། ཆབ་མདོ་ནི་ཆུ་བོ་དང་རི་སྣ་མང་པོ་འདུ་ཞིང་། ཕར་འགྲོ་ཚུར་འོང་བྱེད་མཁན་མང་པོ་འདུ་བའི་རྒྱུ་མཚན་གྱིས་མདོ་དང་། དེ་བཞིན་ཚོང་འདུ་དང་ཁྲོམ་ཚོགས་མང་པོ་འདུ་བའི་ས་ལ་མདོ་ཞེས་གསུང་དོན་ལྟར་ཡིན་པ་རེད། གང་ལྟར་གནས་དེར་སྐྱེས་བུ་དམ་པ་དུ་མ་ཞིག་ཞག་ཚུགས་མཛད་སྐབས་རྟགས་དང་རྟེན་འབྲེལ་གྱིས་བལྟས་བཟང་པོ་མང་པོ་བྱུང་བ་སོགས་ལ་བརྟེན་ནས་སྨད་བྱང་སེམས་ཤེས་རབ་བཟང་པོའི་ཆབ་དགོན་བྱམས་པ་གླིང་ཕྱག་བཏབ་མཛད་པར་གྲགས།

ལྷག་པར་བོད་གཞུང་གི་མདོ་སྤྱི་བཞུགས་ནས་ཆབ་དཔལ་རིག་གསུམ་ལས་དོན་གནང་སའི་གྲོང་ཁྱེར་གལ་ཆེ་ཞིག་ཡིན་པ་རེད། མི་དམངས་རྣམས་ཀྱང་ཞི་བདེ་བག་ཕེབས་ཀྱིས་འཚོ་བ་རོལ་ནས་གནས་བཞིན་པའི་སྐབས་དེར་ཕྱི་ལོ་ ༡༩༤༩ ལོར་ཤར་ཕྱོགས་ནས་རྒྱ་མི་གུང་ཁྲན་གྱིས་བོད་ཆོས་ལྡན་གྱི་ཞིང་ཁམས་སུ་འདྲེ་ལག་བརྐྱངས་འགོ་བཙུགས་ཤིང་། སྐབས་དེར་རང་དམག་དང་དྭང་བླངས་དམག་མཉམ་རུབ་ཀྱིས་རྒྱ་དམར་སྔོན་འགོག་བྱ་ཐབས་བྱས་རུང་། མང་སྣེ་ཉུང་གི་མ་བརྟེན་པ་དང་། དེ་བཞིན་རང་རེའི་དམག་དང་ཡུལ་དམག་རྣམས་ལ་དེང་རབས་ཀྱི་དམག་སྦྱོང་དང་གོ་ལག་ཚད་ལྡན་ཞིག་ཀྱང་མེད་པ་སོང་རྒྱ་དམར་སྔོན་འགོག་ག་ལ་བྱེད་ཐུབ།

རང་རེའི་དམག་ལ་ཕམ་ཉེས་བྱུང་བ་དང་བསྟུན་རྒྱ་དམག་རྣམས་རིམ་གྱིས་བོད་ས་ཡོངས་སུ་དྲག་པོའི་བཙན་འཛུལ་བྱས་པ་རེད། དེ་ཡང་ངོས་ཀྱི་ཡུལ་དང་མི་མང་ལས། རིང་པོར་མ་སོང་བར་ང་ཕོད་ནས་འགན་འཁུར་ཚང་མ་ཐུབ་ཚུལ་བརྗོད་པར་བརྟེན་ལྷ་ཀླུ་ཕྱོར་ལོག་བྱས་དེ་རྗེས་ང་ཚོར་བརྡ་སྤྲོད་གང་ཡང་མ་བྱས་པར་གློ་བུར་ཞིག་ལ་རྒྱ་དམར་གྱི་དཔུང་དམག་བོད་དུ་བཙན་འཛུལ་བྱས་པ་རེད་ཅེས་གསུངས་པ་ལྟར། ཆབ་མདོར་སྡེ་དགོན་རྣམས་རང་དབང་བག་ཕེབས་ཀྱི་སྒོ་ནས་ཆོས་འབྱོར་བདེ་སྐྱིད་དཔལ་ལ་ཅི་དགར་ཡོངས་སུ་སྤྱོད་བཞིན་པའི་སྟོན་གཞུང་དེར་རྒྱ་དམར་གུང་ཁྲན་ཏང་དྲག་དཔུང་གིས་བཙན་འཛུལ་བྱས་པ་དང་། སྐབས་དེར་མདོ་སྤྱི་ང་ཕོད་ཉེན་གཡོལ་དུ་འགྲོ་དགོས་བྱུང་བ་དང་། གོ་མཛོད་མེར་མཆེད་པ་སོགས་གང་ལྟར་གནས་སྟངས་ཛ་དྲག་ཆགས་ཡོད་པ་རེད། དེ་ཡང་ཆབ་མདོའི་ཡིག་ཚང་ཕྱོགས་སྒྲིག་ལས། ཕྱི་ལོ་ ༡༩༥༠ ཟླ་ ༡༠ ཚེས་ ༧ ལྕགས་སྟག་བོད་ཟླ་ ༨ ཚེས་ ༢༦ ཐོ་རངས་ཁར་རྒྱ་ནག་གུང་ཁྲན་དྲག་དཔུང་གིས་མཚོན་རྩེ་དགོན་པར་གཏད་དེ་མཐའ་བསྐོར་ནས་བཙན་འཛུལ་བྱས་པ་རེད་ཅེས་པ་དང་། མཛད་རྣམ་ལས་ཀྱང་དུས་ཡུན་ཐུང་ངུ་རིང་ས་ཁུལ་འགའ་ཤས་སུ་བོད་དམག་ལ་ཁམས་རིགས་དྭང་བླངས་པས་རོགས་རམ་གྱིས་རྒྱ་མིར་འཐབ་འཛིང་བྱས་པར་རྒྱལ་ཁ་ཕྲན་བུ་ཐོབ་ན་ཡང་། དམག་མི་མང་ཉུང་ཤོར་ཏེ་ཕམ་ཉེས་དབང་མེད་དུ་བྱུང་། ཞེས་གསལ་དོན་ལྟར་རེད། དེང་སྐབས་རྒྱ་དམར་གཞུང་གིས་བོད་ཞི་བའི་བཅིངས་གྲོལ་བཏང་ཚུལ་གྱི་འུར་སྒྲོག་བྱེད་བཞིན་འདུག་མོད། དེ་འདྲའི་ཞིག་གཏན་ནས་མ་ཡིན་པར་བོད་མི་རིགས་ཐོག་ཏུ་དྲག་པོའི་ཐོག་ནས་བཙན་འཛུལ་བྱས་ཏེ་བོད་ས་ཡོངས་རྫོགས་དྲག་པོས་བཙན་འཕྲོག་བྱས་པ་ཞིག་ལས་ཞི་བའི་བཅིངས་གྲོལ་བཏང་བ་ཞིག་གཏན་ནས་མིན། བཙོན་ཟུར་ཞིག་གི་མི་ཚེའི་ལོ་རྒྱུས་ལས། རྒྱ་མིའི་ལས་བྱེད་པས་བསམ་ཚུལ་དང་རེ་བ་ཇི་ཡོད་ཤོད་དགོས་བརྗོད་སྐབས། ང་རང་ལ་ཆ་མཚོན་ན་དམག་འཁྲུག་སྐབས་རྒྱ་དམག་བསད་པའི་ཉེས་སྐྱོན་ཡོད། འདྲ་མཉམ་དྲང་བཞག་གི་སྐད་ཆ་ཤོད་ཡུལ་མེད་པ་མ་གཏོགས་དོན་དངོས་ནི་བོད་སར་རྒྱ་མིས་ཚུར་རྒོལ་དབང་ཤེད་ལ་རང་སྲུང་རྒོལ་ལན་བསློགས་པ་ཡིན། ཕར་རྒོལ་ཧམ་བཤད་བྱས་རིགས་མེད། ད་ཆ་ང་ཚོ་ཕམ་ཉེས་ཤོར་ནས་བཙོན་ཁང་ནང་བཅུག་ཐོག་ཚེ་བཙོན་གྱི་ཁྲིམས་ཆད་བཏང་སྟེ་མནར་གཅོད་མྱང་བ་འདི་འདྲ་ལས། ལམ་སང་དམར་བསད་བཏང་རོགས་གྱིས། ཞེས་པ་འཇིགས་མེད་པའི་བཤད་ཀྱི་ཡོད། བོད་ས་ཡོངས་རྫོགས་རྒྱ་གཞུང་གིས་དྲག་པོའི་བཙན་འཕྲོག་བྱས་ནས་བོད་ཁམས་ཡོངས་རྫོགས་བཙོན་ཁང་ཆེན་པོ་ཞིག་ཏུ་བསྒྱུར་བ་རེད།

བོད་མི་རིགས་ཀྱི་སྲོག་ལས་གཅེས་པའི་ཆོས་དང་རིག་གཞུང་མི་རིགས་དང་བཅས་པ་མེད་པ་བཟོ་ཐབས་སུ་ཆེས་གདུག་རྩུབ་ངན་པ་རིག་གནས་གསར་བརྗེ་ཞེས་བོད་ས་ཡོངས་སུ་ལས་འགུལ་སྤེལ་ནས་སྔོན་བྱོན་ལོ་པཎ་རྣམས་ཀྱིས་ངལ་བ་བརྒྱ་ཕྲག་གིས་འབད་སྤུངས་ལས་བསྐྲུན་པའི་གནའ་བོའི་དགོན་རྙིང་དུ་མ་ཞིག་མེར་བསྲེགས་པ་དང་། རིན་ཆེན་གསེར་དངུལ་ལས་བཞེངས་བསྐྲུན་གནང་བའི་སྐུ་གསུང་ཐུགས་རྟེན་མེར་བསྲེགས་པ། ཆུར་བསྐྱུར་བ་སོགས་བསམ་ཡུལ་ལས་འདས་པའི་གཏོར་བཤིག་བཏང་བ་དང་། གནད་ཡོད་ཀྱི་མི་སྣ་དུ་མ་ཞིག་ལ་ཉེས་མིང་སྣ་ཚོགས་བཏགས་ནས་འཐབ་འཛིང་བཏང་བ། བོད་ཀྱི་བླ་སྤྲུལ་རྣམས་གང་བྱུང་བཙོན་འཇུག་དང་། རྡུང་རྡེག་དྲག་པོ་བཏང་བ། གྲྭ་བཙུན་རྣམས་བཙན་དབང་གིས་སྐྱ་སར་ཕབ་ཏུ་བཅུག་པ་སོགས་བྱས་ཡོད། དེ་ཡང་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་ལས། སྐུ་གསུང་ཐུགས་རྟེན་གྲངས་མེད་མེར་བསྲེགས་པ་དང་། ཆུར་བསྐྱུར་བ། ས་ལ་དབྱུགས་ནས་གཏོར་བཤིག་དང་བཞུ་སྦྱངས་སོགས་བྱས་ཡོད་ཅེས་དང་། ཡང་དགོན་སྡེ་དང་ལྷ་ཁང་། མ་ཎི་རྡོ་ཕུང་། མཆོད་རྟེན་སོགས་ལ་རང་སྣང་གང་ཤར་གྱིས་གླ་ཆེན་སྨོན་པས་རྫིས་པ་ལྟར་གཏོར་བཤིག་བཏང་བ་དང་། བཀའ་བསྟན་གྱི་གསུང་རྟེན་རྣམས་ལུས་རྫས་ཀྱི་རྒྱུ་ཆར་བེད་སྤྱོད་བྱས་ཤིང་། རྐང་བཙུགས་ཏེ་སྐུ་ཐང་དང་དཔེ་ཆ་མང་པོ་ལྷམ་མཐིལ་བཟོ་བའི་རྒྱུ་ཆ་བྱས། ཞེས་དེ་འདྲའི་རྒྱ་དམར་གྱིས་བོད་དུ་ལས་འགུལ་ཐབས་སྡུག་དེ་འདྲ་ཞིག་སྤེལ་ཡོད། དེ་དག་བོད་མི་རིགས་ཀྱི་ནམ་ཡང་བརྗེད་ཐབས་མེད་པའི་གནས་སྟངས་ཤིག་རེད།

ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་བོད་ནང་གི་དངོས་ཡོད་ཀྱི་གནས་སྟངས་དེ་དག་གཟིགས་ནས་སྙིང་སྟོབས་ཞུམ་མེད་ཀྱིས་རྒྱ་དམར་གྱི་འགོ་འཁྲིད་ལ་སྙན་ཞུ་ཡི་གེ་ཁྲི་བདུན་གྱི་སྙན་ཞུ་ཞིག་ཕུལ་གནང་མཛད་པ་ལས། ལོ་ངོ་ཆིག་སྟོང་ལྷག་གི་རིང་སྔོན་བྱོན་མཁས་པ་ཁྲི་ཕྲག་གིས་འབད་སྤུངས་ཀྱིས་གསར་བཏོད་མཛད་པ་དེ་ཤུལ་དུ་བཞག་པའི་བརྡ་སྤྲོད་ཀྱི་ནུས་པ་དང་། གཅིག་འགྱུར་གྱི་རང་བཞིན། གོ་བདེ་དོན་ཟབ་ཀྱི་ལེགས་ཆ་བཅས་གང་ཐད་ནས་མི་དམན་པའི་བོད་ཡིག་དེ་རྒྱུ་མཚན་མེད་པར་ཝ་སྐྱེས་སེང་གེར་རློམ་མཁན་གྱིས་རང་འདོད་ལྟར་རྩེད་མོ་བརྩེས་པ་ནི་ཧ་ཅང་མ་འོས་པ་ཞིག་རེད་ཅེས་བཀའ་སློབ་ཕེབས་དོན་ལྟར་སྐབས་དེ་དུས་བོད་ཀྱི་སྐད་ཡིག་མེད་པ་བཟོ་ཐབས་སུ་བོད་ཀྱི་བརྡ་སྤྲོད་ཀྱི་གཞུང་ལུགས་དང་ཁྱོན་ནས་མི་མཐུན་པ་བྱས་ཡོད་པ་རེད། མི་རིགས་ཤིག་མེད་པ་བཟོ་བར་ཐོག་མར་མི་རིགས་དེའི་སྐད་ཡིག་མེད་པ་བཟོ་དགོས་ཞེས་པ་ལྟར་བོད་མདོ་དབུས་ཁམས་གསུམ་ལ་ལས་འགུལ་ཐབས་སྡུག་ཅན་དེ་འདྲ་སྤེལ་ཡོད་པ་རེད། འོན་ཀྱང་གཞིས་བཞུགས་དྲན་དབང་ཅན་ཚོས་རང་སྲོག་འབེན་ལ་བཙུགས་ནས་དཀའ་སྤྱད་འབད་སྤུངས་ལ་བརྟེན་ནས་རྒྱ་དམར་གྱིས་དམིགས་ཡུལ་འཛིན་པ་ཇི་བཞིན་ལམ་སློང་བྱུང་མེད།

འོན་ཀྱང་ད་དུང་འཚམས་མ་ཆད་པར་བོད་མི་རིགས་ཀྱི་སྐད་ཡིག་མེད་པར་བཟོ་ཐབས་སུ་རྒྱ་གཞུང་གིས་ཐབས་ལམ་སྣ་ཚོགས་ཤིག་བཙལ་ནས་ལས་འགུལ་སྤེལ་དང་སྤེལ་མུས་ཡིན་པ་རེད། རྒྱུ་མཚན་དེ་དག་དབང་གིས་བོད་གཞིས་བྱེས་གཉིས་ཀྱིས་རྣམ་རིག་བསྒྲིམ་ནས་ལས་དོན་གནང་དགོས་པ་ཞིག་ལས་ང་དང་ཁྱོད་ཅེས་པའི་ནང་ཁུལ་ཚིག་སྐམ་རྩོད་གླེང་གནང་བའི་དུས་ཚོད་ཅིག་གཏན་ནས་མིན།  རྒྱ་དམར་གྱིས་ཐོག་མཐའ་བར་གསུམ་དུ་བོད་མི་རིགས་མེད་པ་བཟོ་རྒྱུའི་དམིགས་ཡུལ་བཟུང་ནས་ལས་འགུལ་འཇམ་རྩུབ་གཉིས་ཀྱི་ཐོག་ནས་སྤེལ་མུས་ཡིན་པ་རེད།

ལྷག་པར་དེང་སྐབས་རྒྱ་དམར་གྱིས་ཞི་བའི་བཅིངས་གྲོལ་བཏང་ནས་བོད་ནང་འོད་སྟོང་འབར་བའི་འཕེལ་རྒྱས་བཏང་ཡོད་རབས་འུར་སྒྲོག་བྱས་དང་བྱེད་མུས་ཡིན་པས། གཞུང་ལམ་དང་ཁང་ཆེན་ལ་སོགས་ཕྱི་དངོས་པོའི་ཡར་རྒྱས་ཀྱི་རྣམ་པ་ཞིག་མཐོང་སྲིད་མོད། དོན་དག་ཡང་སྙིང་ཞིབ་འཇུག་ཅིག་གནང་བ་ཡིན་ན་བོད་མི་རིགས་ལ་ཕན་ཐོགས་ཡོད་པའི་ཡར་རྒྱས་ག་ཚད་ཅིག་བཏང་ཡོད་པ་ཡིན་ནམ། ངས་བལྟས་པ་ཡིན་ན་ཕྱི་ལོ་ ༡༩༥༩ ལོར་ནས་ ༢༠༢༠ བར་ཡར་རྒྱས་དང་། བོད་ཀྱི་རང་བྱུང་གཏེར་ཁ་བསྔོགས་འདོན་དང་། ཤིང་ནགས་གཅོད་བྲེགས་དང་། ཁོར་ཡུག་གཏོར་བཤིག་བཏང་བ་སོགས་གཤིབ་བསྡུར་ཞིག་བྱས་པ་ཡིན་ན། ཡར་རྒྱས་བཏང་བ་ལས་བོད་ལ་གཏོར་བཤིག་གི་གྱོང་གུད་ཆེ་བ་བྱུང་ཡོད་པ་ནི་འགྲེལ་བརྗོད་མི་དགོས་པའི་གནས་སྟངས་ཤིག་ཡིན་པ་དེ་རེད།

བོད་ཆོས་ལྡན་གྱི་ཞིང་དུ་རྒྱ་དམར་བཙན་འཛུལ་བྱས་ཏེ་བོད་མི་འབུམ་ཕྲག་དུ་མ་ཞིག་དམར་བསད་བཏང་བ་དང་། བཙོན་ཁང་དུ་བཅུག་པ། ཉེས་མེད་དམར་གསོད་བཏང་བ་སོགས་ཀྱི་འཛམ་གླིང་གི་ལོ་རྒྱུས་ནང་དུ་བྱུང་མྱོང་མེད་པའི་ཆེས་གདུག་རྩུབ་ཅན་གྱི་དཀའ་སྡུག་མྱོང་དགོས་བྱུང་ཡོད། དེ་ཡང་བཙོན་ཁང་དུ་དཀའ་སྡུག་དངོས་སུ་མྱོང་བ་དང་དངོས་སུ་མཐོང་བའི་ཆབ་སྲིད་བཙོན་ཟུར་ཞིག་གི་མི་ཚེའི་ལོ་རྒྱུས་ལས། ཆབ་མདོའི་བཙོན་ཁང་ནང་དང་པོར་འབྱོར་སྐབས་སྔ་དགོང་ལྟོ་ཐེངས་གཉིས་རེ་ཡོད་པར་འབྲས་ཐུག་སྔོ་ཚལ་གྱིས་རྡོར་བྱས་མོག་ཆུང་གང་དང་། རྩམ་པ་སྐྱོགས་ཆུང་ཕྱེད་ཙམ་ཇ་ཐང་བཅས་འཚོ་བ་ཧ་ཅང་སྐྱོ་བ། ཉེས་པ་ཆུང་རིགས་བཙོན་མི་རྣམས་ངལ་རྩོལ་གློག་ཁང་བཟོ་བ་དང་ཨར་ལས་འུར་འདེད་བཙན་སྐུལ་བྱས་རྐྱེན་མི་ཧ་ཅང་མང་པོ་ཤི་བ། ཞེས་དང་། ཡང་ཆབ་མདོ་དགོན་པའི་གཡོན་ཕྱོགས་གུར་ལུང་འཇུ་ཞེས་པའི་ལུང་ཤུར་ཞིག་ཡོད་པ་དེར་མི་རོའི་རྩིག་པ་བརྒྱབ་པ་ལྟར་ཁེངས་པ་དང་། ཕྱི་ལོ་ ༡༩༦༡ ལོའི་དབྱར་ཁ་ཆར་དྲག་བརྒྱབ་ནས་རོ་རུས་རྣམས་ལུང་པའི་མདར་གྲམ་ཐང་ལྟར་ཁྱབ་སྐབས་ཀྱང་བཙོན་མི་བརྒྱ་ཕྲག་ཤ་ཤས་ལ་འཇོར་འགྱག་དང་། སླེ་པོ། རྩ་ཕད་སོགས་ལག་ཆ་བསྐུར་ནས་རོ་རུས་རྣམས་བསྒྲུགས་ཏེ་ས་འོག་སྦས་བཅུག་སོང་ཞེས་གསལ་དོན་ལྟར་རྒྱ་དམར་གུང་ཁྲན་ཏང་གིས་གང་འདྲ་བྱས་ནས་བོད་མི་རྣམས་དམར་གསོད་བཏང་ཡོད་པ་ང་ཚོས་རོབ་བསྡུས་ཙམ་རྟོགས་ཐུབ་པ་ཞིག་རེད། དེ་དག་ནི་ལོ་རྒྱུས་འཕོ་འགྱུར་ཇི་ལྟར་ཕྱིན་རུང་བོད་མི་རིགས་ཀྱི་སེམས་ཁོངས་ནས་ནམ་ཡང་བརྗེད་ཐབས་རྩ་བ་རང་ནས་མེད་པ་ཞིག་ཡིན།

དེང་སྐབས་རྒྱ་དམར་གྱིས་བོད་མི་རྣམས་ལ་བདེ་སྐྱིད་ལྡན་པའི་ངང་ནས་འཚོ་བར་རོལ་གྱི་ཡོད་ཚུལ་བརྗོད་ཀྱིན་ཡོད་མོད། བོད་མི་རིགས་ཀྱི་སེམས་ཁམས་ལ་བདེ་སྐྱིད་ཅིག་ཡོད་ན་གཅེས་པའི་ཚེ་སྲོག་མཆོད་མེར་སྒྲོན་དོན་ཞིག་ག་ལ་ཡོད། བོད་མི་རིགས་ཀྱི་སེམས་ཁམས་ནང་དུ་བདེ་སྐྱིད་མེད་པ་དང་། རྒྱ་དམར་སྲིད་གཞུང་གིས་བོད་མི་རིགས་ཀྱི་སེམས་ཁམས་དང་མི་མཐུན་པའི་ལས་དོན་བྱེད་ཀྱི་ཡོད་པ་སོགས་ལ་བརྟེན། གཞིས་ལུས་བོད་མིས་གཞན་ལ་གནོད་འཚེ་མེད་པར་རང་ཉིད་ཀྱི་ཚེ་སྲོག་མཆོད་མེར་སྒྲོན་གྱི་ཡོད་པ་རེད།  ད་དུང་རྒྱ་གཞུང་གིས་བསམ་ཤེས་བྱེད་ཀྱི་མེད་ཅིང་། ཀླད་རྙིང་མཁྲེགས་བཟུང་གིས་སྐད་ཆ་རྙིང་པ་བསྐྱར་ཟློག་བྱེད་ཀྱི་ཡོད། ད་ནི་རྒྱ་དམར་སྲིད་གཞུང་གིས་བསམ་གཞིགས་བྱེད་དགོས་པའི་དུས་སྐབས་ཤིག་ཡིན་པ་ལས་སྔོན་མ་ལྟར་རྫུན་མ་བཤད་སའི་གནས་སྟངས་ཤིག་ལྷག་མེད། རྒྱ་དམར་གྱིས་ཁ་ཁོག་མི་མཚུངས་པའི་ལས་དོན་གང་འདྲ་ཞིག་བྱེད་ཀྱི་ཡོད་པ་ད་ལོ་རྒྱ་ནག་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་བརྡལ་བྱུང་བའི་ཏོག་དབྱིབས་གཉན་རིམས་ལས་འཛམ་གླིང་མི་དམངས་ལ་རྒྱ་ནག་གུང་ཁྲན་ཏང་གི་འགོ་ཁྲིད་ཚོས་རྫུན་གཏམ་ག་འདྲ་ཞིག་བཤད་ཡོད་པ་གསལ་པོ་ཤེས་རྟོགས་ཟིན་པ་ཞིག་རེད་དོ། ལྷག་པར་ད་ནི་ང་ཚོ་ཚང་མས་འདས་པའི་བོད་མི་རིགས་ཀྱི་བདེན་དོན་ཆེད་དུ་གཅེས་པའི་ལུས་སྲོག་ལོངས་སྤྱོད་བློས་བཏང་མཛད་མཁན་གྱི་འདས་གསོན་དཔའ་བོ་དབའ་མོ་ཡོངས་ལ་རྗེས་དྲན་ཞུ་དགོས་པ་ཞིག་ལས་མ་གོ་མ་ཐོས་མདོག་མདོག་གཏན་ནས་བྱེད་མི་རུང་། ཡང་ངས་དེ་འདྲ་ཞིག་ལབ་དུས་དེ་འདྲའི་གནང་འདུག་ཅེས་གཏན་ནས་ལབ་ཀྱི་མེད་མོད། ཁོང་རྣམ་པ་གཏན་ནས་བརྗེད་མི་རུང་ཞེས་པའི་དོན་ཡིན་པ་ལས་གཞན་པ་གང་ཡང་མིན་པ་བཅས།  ཞེས་པ་འདི་ཟླ་འདིའི་ཚེས་ ༧ ཉིན་མོར་མཇུག་རྫོགས་པ་བགྱིས་སོ།།

བསྐྱར་བཅོས།: ༢༠༢༠/༡༠/༠༩

Leave a Reply

2 thoughts on “མི་ལོ་བདུན་ཅུ་འཁོར་ཟེར་བ་ལས་འཕྲོས་པའི་གཏམ།

  1. ཆབ་མདོ་ངག་ཕུན།

    ད་ནི་ང་ཚོ་དལ་ལྷོད་ངང་སྡོད་པའི་དུས་ཚོད་གཅིག་གཏན་ནས་མིན་ཞིང་། ང་ཚོ་ཚང་མ་དཔུང་པ་མཉམ་བཤིག་གི་ཐོག་ནས་མདུན་སྐྱོད་གནང་དགོས་པའི་དུས་ཚོད་གཅིག་རེད་སྙམ། ང་ཚོ་ནང་ཁུལ་ལ་ང་དང་ཁྱོད་ཅེས་པ་ཕན་མེད་ཀྱི་རྩོད་གླེང་དེ་དག་འདོར་ནས་ཆིལ་སྒྲིག་གི་ངང་ནས་རང་དབང་གི་དོན་དུ་རྩོད་ལེན་གནང་དགོས་པ་ཞིག་རེད་སྙམ།

  2. གཞུང་པ་ཚེ་དབང་བསོད་ནམས

    འདས་པའི་མི་ལོ་བདུན་བཅུ་ནང་ང་ཚོའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་གཙོ་བོར་རྒྱུར་བའི་ཞི་བདེ་དང་དྲང་བདེན་འཚེ་བ་མེད་པའི་ཆབ་སྲིད་ལམ་ལུགས་སྐྱོང་མཁན་གྱིས་རྒྱལ་ཁབ་ཚང་མར་ང་ཚོའི་གནས་སྟངས་ཆ་ཚང་ཞུས་ཟིན་པ་ནས་ད་ཆ་ང་ཚོ་བོད་མི་རང་ཉིད་ནས་ཆབ་སྲིད་ཀྱིས་མགུལ་སྐྱོགས་ཆེ་ཙམ་ཞིག་རྒྱག་དགོས་པའི་དུས་ལ་སླེབ་མི་འདུག་གམ?