ནོ་བྷེལ་ཞི་བདེ་གཟེངས་རྟགས་རྒྱལ་ཚོཊ་འབྲུ་རིགས་འཆར་འགོད་ལྷན་ཚོགས་ལ་ཐོབ།

འདི་ལོའི་ནོ་བྷེལ་ཞི་བདེ་གཟེངས་རྟགས་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་འཆར་འགོད་ལྷན་ཚོགས་ལ་སྤྲོད་གཏན་འཁེལ་ཡོད་པ་ཡོངས་བསྒྲགས་གནང་འདུག

དེ་རིང་ནོ་བྷེལ་གཟེངས་རྟགས་ལྷན་ཚོགས་ནས། ཕྱི་ལོ་ ༢༠༢༠ ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་དེ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་འཆར་འགོད་ལྷན་ཚོགས་ཀྱིས། འཛམ་གླིང་ཁྱོན་ཡོངས་སུ་བཀྲེས་ལྟོགས་ཀྱི་དཀའ་ངལ་སེལ་ཐབས་དང་། རྩོད་རྙོག་དང་དམག་འཁྲུག་ཅན་གྱི་ས་ཁུལ་དུ་ཞི་བདེའི་ཁོར་ཡུག་སྐྲུན་ཐབས། དེ་བཞིན་མི་མང་གི་བཀྲེས་ལྟོགས་དམག་འཁྲུག་གི་ལག་ཆར་ལོག་སྤྱོད་བྱེད་རྒྱུར་བཀག་འགོག་བཅས་བྱས་པའི་ངོས་འཛིན་དུ་གནང་གཏན་འཁེལ་ཡོད་འདུག

ལྷན་ཚོགས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་ནང་། འདི་ལོའི་ཏོག་དབྱིབས་གཉན་རིམས་ཀྱིས་འཛམ་གླིང་ཁྱོན་ཡོངས་ནང་བཀྲེས་ལྟོགས་ཀྱི་དཀའ་ངལ་ཤུགས་ཆེ་རུ་བཏང་ཡོད་ཅིང་། ཡེ་མན་ (Yemen) དང་། ཀོང་གྷོ་སྤྱི་མཐུན་རྒྱལ་ཁབ། ནི་ཇེ་རི་ཡ་(Nigeia)། ལྷོ་སུ་དྷན་(South Sudan)། བྷུར་ཀི་ན་ཧྥེ་སོ་ (Burkina Faso) ལྟ་བུའི་ཡུལ་ལུང་ནང་རྒྱུན་ལྡན་གྱི་རྩོད་རྙོག་དང་ཏོག་དབྱིབས་གཉན་རིམས་ཀྱིས་མི་གྲངས་ཚད་ལས་བརྒལ་བ་ལྟོགས་ཤི་ཐེབས་མ་ཐེབས་ཀྱི་གནས་སུ་བསྐྱལ་ཡོད། གཉན་རིམས་ཀྱི་དུས་སྐབས་འདིར། རྒྱལ་ཚོགས་ཀྱི་འབྲུ་རིགས་འཆར་འགོད་ལྷན་ཚོགས་ཀྱིས་ནུས་པ་ཆེན་པོ་བཏོན་ཡོད་པ་རེད། ཅེས་དང་། བཀྲེས་ལྟོགས་དང་འཚེ་བའི་རང་བཞིན་ཅན་གྱི་རྩོད་རྙོག་གཉིས་ཕན་ཚུལ་འབྲེལ་ནས་ཡོད། དམག་འཁྲུག་དང་རྩོད་རྙོག་གིས་འབྲུ་རིགས་བདེ་འཇགས་ལ་གནོད་འཚེ་དང་བཀྲེས་ལྟོགས་ཀྱི་རྐྱེན་བྱེད་ཀྱི་ཡོད་པ་ལྟར། བཀྲེས་ལྟོགས་ཀྱི་རྐྱེན་པས་རྩོད་རྙོག་དང་དམག་འཁྲུག་བྱུང་སྲིད་པ་ཞིག་རེད། དེར་བརྟེན་ང་ཚོས་དམག་འཁྲུག་དང་རྩོད་རྙོག་མཚམས་འཇོག་མ་བྱས་བར་དུ། བཀྲེས་ལྟོགས་གཏན་འགོག་བྱ་ཐུབ་ཐབས་མེད། ཅེས་བཀོད་ཡོད་འདུག

ཡང་ཡོངས་ཁྱབ་གསལ་བསྒྲགས་ནང་། འབྲུ་རིགས་བདེ་འཇགས་ལ་རམ་འདེགས་བྱེད་པ་དེས་བཀྲེས་ལྟོགས་ཙམ་དུ་མ་ཟད། བརྟན་བརླིང་དང་ཞི་བདེ་ལའང་ཕན་ཐོགས་བྱེད་ཀྱི་ཡོད་པ་དང་། རྒྱལ་ཚོགས་ཀྱི་འབྲུ་རིགས་འཆར་འགོད་ལྷན་ཚོགས་ཀྱིས་ལྷོ་ཨེ་མེ་རི་ཁ་དང་། ཨ་ཧྥེ་རི་ཁ། ཨེ་ཤ་ཡ་བཅས་ནང་ལས་གཞི་སྣ་མང་སྤེལ་བ་བརྒྱུད། འགྲོ་བ་མིའི་རོགས་སྐྱོར་ལས་གཞི་དང་ཞི་བདེའི་ལས་གཞི་གཉིས་མཉམ་འཁྲིད་བྱ་རྒྱུའི་སྣེ་འཁྲིད་ཀྱི་ནུས་པ་ཐོན་ཡོད། ཅེས་བཀོད་འདུག

གསལ་བསྒྲགས་ཀྱི་མཇུག་ཏུ། ནོ་བྷེལ་ལྷན་ཚོགས་ནས་ཐེངས་འདིར་ཚོགས་པ་དེར་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཐོབ་པ་བརྒྱུད། མ་འོངས་པར་ཁོང་ཚོས་འཛམ་གླིང་ཡོངས་སུ་བཀྲེས་ལྟོགས་ཀྱི་དཀའ་ངལ་དང་བཀྲེས་ལྟོགས་ཀྱི་འཇིག་སྣང་ལ་གདོང་ལེན་བྱེད་བཞིན་པའི་མི་གྲངས་ས་ཡ་མང་པོར་རོགས་རམ་བྱེད་ཐུབ་པའི་རེ་བ་ཡོད་ལ། འཛམ་གླིང་འབྲུ་རིགས་འཆར་འགོད་ལྷན་ཚོགས་ཀྱིས་འབྲུ་རིགས་བདེ་འཇགས་དེ་ཞི་བདེའི་ལག་ཆ་ཞིག་ཏུ་སྒྱུར་ཐབས་སུ་ཕྱོགས་མང་མཉམ་ལས་ཁྲོད་གལ་ཆེའི་ནུས་པ་འདོན་ཐུབ་ཡོད་པ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་ཚོས་བཀྲེས་ལྟོགས་ལ་གདོང་ལེན་ཐད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་པ་མ་ཟད། ལྷན་ཚོགས་དེས་ཉིན་རྒྱུན་ཨལ་ཧྥི་རེ་སྒྲི་ནོ་བྷེལ་(Alfred Nobel)མཆོག་གི་ཞལ་ཆེམས་ལྟར་ལས་དོན་གཉེར་བཞིན་ཡོད་སྐོར་སོགས་བརྗོད་འདུག

ཡུ་རོབ་ཀྱི་རྒྱལ་ཁབ་ཨི་ཊ་ལིའི་རྒྱལ་ས་རོམ་དུ་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་འཆར་འགོད་ལྷན་ཚོགས་ནི་ཕྱི་ལོ་ ༡༩༦༣ ལོར་དབུ་བརྙེས་པ་དང་། ལྷན་ཚོགས་འདི་ནི་འཛམ་གླིང་སྟེང་གི་བཀྲེས་ལྟོགས་དང་འབྲུ་རིགས་བདེ་འཇགས་ཀྱི་རོགས་སྐྱོར་ཚོགས་པ་ཆེ་ཤོས་དེ་ཡིན་ཞིང་། ཆ་སྙོམས་ལྟར་ན་ལོ་ལྟར་ལྷན་ཚོགས་འདིས་འཛམ་གླིང་གི་རྒྱལ་ཁབ་ ༨༣ ནང་གི་མི་གྲངས་ས་ཡ་ ༩༡།༤ ལ་འབྲུ་རིགས་བགོ་འགྲེམ་བྱེད་ཀྱི་ཡོད་ཅིང་། འདས་ལོར་གཅིག་པུར་མཚོན་ན་རྒྱལ་ཁབ་ ༨༨ ནང་གི་མི་གྲངས་ས་ཡ་ ༡༠༠ ལྷག་ལ་འབྲུ་རིགས་བགོ་འགྲེམ་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༥ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བཀྲེས་ལྟོགས་གཏན་འགོག་བྱ་རྒྱུ་དེ་རྒྱལ་ཚོགས་ཀྱི་ཕུགས་རྒྱང་རིང་པོའི་དམིགས་ཡུལ་ཞིག་ཏུ་གཏན་འབེབ་བྱས་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༡༠/༠༩

Leave a Reply

One thought on “ནོ་བྷེལ་ཞི་བདེ་གཟེངས་རྟགས་རྒྱལ་ཚོཊ་འབྲུ་རིགས་འཆར་འགོད་ལྷན་ཚོགས་ལ་ཐོབ།

  1. གཞུང་པ་ཚེ་དབང་བསོད་ནམས

    ནོ་བྷེལ་ཞི་བདེའི་གཟེངས་རྟགས་རྒྱལ་ཚོགས་འབྲུ་རིགས་འཆར་འགོད་ལྷན་ཚོགས་ལ་ཕུལ་
    བ་ནི་འབྱོར་མེད་ཉམས་ཐག་གྲལ་རིམ་གྱི་བདེ་སྡུག་ལ་རྒྱལ་ཚོགས་ནས་གཟིགས་སྐྱོང་གནང་གི་ཡོད་པ་གསལ་པོ་མ་རེད་དམ?