མའོ་ཡི་ཤོག་དྲིལ་ཕྱེད་ཀ་གཉིས་སུ་བཏང་ནས་ལག་སོན་བྱུང་།

མའོ་ཙེ་ཏུང་གི་ལག་བྲིས་ཤོག་དྲིལ་སོགས་ཨ་སྒོར་ས་ཡ་ ༦༠༠ ལྷག་གི་རིག་དངོས་རྐུ་འཁྱེར་བྱེད་མཁན་རྐུན་མ་གཉིས་ད་དུང་ཡང་འཛིན་བཟུང་བྱེད་ཐུབ་མི་འདུགབྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་སྔོན་མའི་ནང་ཧོང་ཀོང་ནས་རྐུ་འཁྱེར་བྱས་པའི་ཨ་སྒོར་ས་ཡ་ ༣༠༠ ཙམ་གྱི་རིན་ཐང་ལྡན་པའི་མའོ་ཙེ་ཏུང་གི་ལག་བྲིས་ཤོག་དྲིལ་དེ་ལག་སོན་བྱུང་ཡོད་ཀྱང་ཕྱེད་ཀ་གཉིས་སུ་བཏང་ཡོད་པ་དང་། ད་དུང་སྒྱུ་རྩལ་རིག་དངོས་དེ་ཚོ་རྐུ་འཁྱེར་བྱེད་མཁན་རྐུན་མ་གཉིས་འཛིན་བཟུང་བྱེད་ཐུབ་མེད་འདུག

ཧོང་ཀོང་མཐོ་རིམ་ཉེན་རྟོག་དཔོན་གཞོན་པ་ཊོ་ནི་ཧོ་(Tony Ho)ལགས་ཀྱིས། མའོ་ཡི་ཤོག་དྲིལ་དེ་ཧ་ཅང་རིང་དྲགས་པར་བརྟེན་མི་འགའ་ཞིག་གིས་ཤོག་དྲིལ་དེ་དུམ་བུ་གཉིས་ལ་བཏང་སྟེ། འགྲེམས་སྟོན་བྱེད་ཐབས་བྱས་ཡོད་ཀྱང་།  ད་ལྟ་ཤོག་དྲིལ་དེ་དུམ་བུར་གཏོང་མཁན་སུ་ཡིན་མིན་གསལ་པོ་མི་འདུག ཅེས་བརྗོད་འདུག

རྐུན་མས་མའོ་ཡི་ཤོག་དྲིལ་དེ་ཨ་སྒོར་ ༦༥ བྱས་ནས་ཧོང་ཀོང་གི་ཚོང་པ་ཞིག་ལ་བཙོང་ཡོད་ཀྱང་། ཧོང་ཀོང་ཉེན་རྟོག་པས་མའོ་ཡི་ཤོག་དྲིལ་རྐུན་མར་ཤོར་བའི་གནས་ཚུལ་ཡོངས་བསྒྲགས་བྱས་རྗེས། ཚོང་པ་དེས་ཤོག་དྲིལ་ཉེན་རྟོག་ཁང་ལ་རྩིས་སྤྲོད་བྱས་ཡོད་པར་བརྟེན། ཉེས་དོན་ཅུང་ཁ་གསལ་དུ་གྱུར་ནས་གནའ་རྫས་ཁག་ཅིག་རིམ་གྱིས་ལག་སོན་བྱུང་ཡོད་འདུག འོན་ཀྱང་། ད་དུང་སྦྲག་འཛིན་ཁྲི་ ༢།༤ དང་ལག་བྲིས་མའི་ཤོག་དྲིལ་དྲུག་རྩད་གཅོད་ཐུབ་མེད་འདུག

འདི་ལོའི་ཕྱི་ཟླ་ ༩ ཚེས་ ༡༠ ཉིན་ཧོང་ཀོང་གི་རྩ་ཆེའི་སྒྱུ་རྩལ་རིག་དངོས་ཉར་ཚགས་བྱེད་མཁན། ཕུའུ་ཁྲུན་ཞའོ་(Fu  Chunxiao)ལགས་ཀྱི་ཁྱིམ་ནས་མའོ་ཡི་ཤོག་དྲིལ་དེ་དང་། སྦྲག་འཛིན། ཟངས་སྒོར་དང་ཡིག་གཟུགས་བརྩམས་ཆོས་སོགས་རིག་དངོས་མང་པོ་ཞིག་རྐུན་འཁྱེར་བྱས་ཡོད་པ་དང་། རིག་དངོས་ཀྱི་བདག་པོ་ཕུའུ་ཁྲུན་ཞའོ་ལགས་ཀྱིས། མའོ་ཡི་ཤོག་དྲིལ་དེ་ནི་ཨ་སྒོར་ས་ཡ་ ༣༠༠ ཡི་རིན་ཐང་ལྡན་པ་བཅས་ཁྱོན་ཨ་སྒོར་ས་ཡ་ ༦༤༥ ཙམ་གྱི་རིག་དངོས་རྐུ་འཁྱེར་བྱས་ཡོད་སྐོར་བརྗོད་འདུག་ལ། རིག་དངོས་རྐུན་འཁྱེར་བྱེད་སྐབས་ཧྥོ་ཁྲུན་ཞའོ་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཀྱི་དཀའ་ངལ་འོག་རྒྱ་ནག་ནང་ཡོད་འདུག

བསྟན་འཛིན་ཕུར་བུ།

བསྐྱར་བཅོས།: ༢༠༢༠/༡༠/༠༩

Leave a Reply