ཞི་བདེ་གཟེངས་རྟགས་ཐོབ་པར་འཚམས་འདྲིའི་གསུང་འཕྲིན་བསྩལ།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འགྲོ་བ་མིའི་རིགས་ཀྱི་ཁྱིམ་ཚང་ལ་དཀའ་ངལ་འཕྲད་པ་དེ་ང་ཚོ་ཚང་མས་མཉམ་རུབ་ཀྱིས་སེལ་ཐབས་དགོས་སྐོར་གསུངས་འདུག

ཟླ་འདིའི་ཕྱི་ཚེས་ ༡༠ ཉིན། གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འདི་ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་དེ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་འཆར་འགོད་ལྷན་ཚོགས་ལ་ཐོབ་པར་འཚམས་འདྲིའི་གསུང་འཕྲིན་ཞིག་བསྩལ་ཡོད་པ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འགྲོ་བ་མིའི་རིགས་གཅིག་གྱུར་རང་བཞིན་ཡིན་པའི་འདུ་ཤེས་ལ་ཡིད་ཆེས་བྱེད་མཁན་ཞིག་ཡིན་པའི་ཆ་ནས། ངོས་ཀྱིས་འདི་ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་དེ་ཉིད་རྒྱལ་ཚོགས་ཀྱི་འབྲུ་རིགས་འཆར་འགོད་ལྷན་ཚོགས་ལ་ཕུལ་བ་དེས་སྔར་ལས་ལས་དོན་བྱེད་པའི་རེ་བ་ཡོད་སྐོར་གསུངས་འདུག

གསུང་འཕྲིན་ནང་། འདི་ནི་འབྲུ་རིགས་འཆར་འགོད་ལྷན་ཚོགས་ཀྱིས་འཛམ་གླིང་ནང་གི་བཀྲེས་ལྟོགས་དང་འཚོ་བཅུད་མི་འདང་བའི་དཀའ་ངལ་རིགས་སེལ་ཐབས་ལ་ཕྱག་ལས་གནང་བར་ངོས་འཛིན་བྱས་པ་ཞིག་ཡིན། ཞེས་དང་། ལྷན་ཚོགས་དེས་རང་བྱུང་གོད་ཆག་དང་རྩོད་རྙོག་ཀྱི་རྐྱེན་གྱིས་བྱུང་བའི་དབུལ་ཕོངས་དང། བཀྲེས་ལྟོགས་དང་འཚོ་བཅུད་མི་འདང་བའི་དཀའ་ངལ་རིགས་ལ་རོགས་འདེགས་བྱས་པ་བརྒྱུད་ཆེས་ཉམས་ཞན་དང་དགོས་མཁོ་ཅན་ལ་རོགས་རམ་བྱས་པས། འ་ཆད་འུ་ཐུག་གི་གནས་སྐབས་སུ་ཞི་བདེ་དང་བདེ་བ་བསྐྲུན་ཐུབ་ཡོད་སྐོར་གསུངས་འདུག

ཡང་ཁོང་ཉིད་ཀྱིས་མུ་མཐུད། ད་ཐེངས་རྒྱལ་ཚོགས་ཀྱི་འབྲུ་རིགས་འཆར་འགོད་ལྷན་ཚོགས་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཕུལ་བ་འདིས། ང་ཚོ་ཚང་མར་དབུལ་ཕྱུག་དབར་གྱི་ཁྱད་པར་ཉུང་དུ་གཏོང་རྒྱུའི་འགན་འཁྲི་ཡོད་པ་དྲན་སྐུལ་བྱེད་ཀྱི་ཡོད། ཅེས་དང་། ང་ཚོ་ཚང་མར་བདེ་བ་འདོད་ཅིང་སྡུག་བསྔལ་དོར་འདོད་ཀྱི་བློ་ཡོད་སྟབས། ད་ལྟའི་གོ་ལའི་འཕྲོད་བསྟེན་དཀའ་རྙོག་འདིས། འགྲོ་བ་མིའི་རིགས་ཀྱི་ཁྱིམ་ཚང་ལ་དཀའ་ངལ་འཕྲད་པ་དེར། ང་ཚོ་ཚང་མས་མཉམ་རུབ་ཀྱིས་སེལ་ཐབས་དགོས་པ་གསལ་སྟོན་བྱས་ཡོད་པས། བཀྲེས་ལྟོགས་དང་དབུལ་ཕོངས་ཀྱི་དཀའ་ངལ་དེ་ཉིད་རྒྱལ་སྤྱིའི་མཉམ་ལས་ཁོ་ནས་སེལ་ཐུབ་པ་ཡིན་སྐོར་གསུངས་འདུག

འགྲོ་བ་མིའི་རིགས་གཅིག་གྱུར་རང་བཞིན་ཡིན་པའི་འདུ་ཤེས་ལ་ཡིད་ཆེས་བྱེད་མཁན་ཞིག་ཡིན་པའི་ཆ་ནས། ངོས་ཀྱིས་འདི་ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་དེ་ཉིད་རྒྱལ་ཚོགས་ཀྱི་འབྲུ་རིགས་འཆར་འགོད་ལྷན་ཚོགས་ལ་ཕུལ་བ་འདིས། འཛམ་གླིང་ས་ཕྱོགས་གང་དུའང་མི་སུ་འདྲ་ཞིག་ཡིན་རུང་བཀྲེས་ལྟོགས་ཀྱི་རྐྱེན་པས་འདས་གྲོངས་སུ་མི་འགྲོ་རྒྱུའི་རྩོལ་བ་དེ་ཉིད་སྔར་བས་ཚགས་ཚུད་ཡོང་རྒྱུར་སྐུལ་འདེད་བཏང་ཡོད་པའི་རེ་བ་བྱེད་ཀྱི་ཡོད་སྐོར་གསུངས་འདུག

མཇུག་ཏུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། རྒྱལ་སྤྱིའི་འབྲུ་རིགས་འཆར་འགོད་ལྷན་ཚོགས་ཀྱི་འཐུས་མི་རྣམས་དང་། གཞུང་འབྲེལ་གྱི་ལས་བྱེད་རྣམས་ཀྱིས་འགྲོ་བ་མིའི་རིགས་ལ་ཕན་ཐོགས་པའི་བྱ་བ་ཧ་ལས་པ་ཞིག་གནང་བར་སྐུ་ཉིད་ནས་བཀའ་དྲིན་ཆེ་ཞེས་ཞུ་བཞིན་ཡོད་སྐོར་གསུངས་འདུག

བསྟན་འཛིན་ཕུར་བུ།

བསྐྱར་བཅོས།: ༢༠༢༠/༡༠/༡༢

Leave a Reply

One thought on “ཞི་བདེ་གཟེངས་རྟགས་ཐོབ་པར་འཚམས་འདྲིའི་གསུང་འཕྲིན་བསྩལ།

  1. ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། རྒྱལ་སྤྱིའི་འབྲུ་རིགས་འཆར་འགོད་ལྷན་ཚོགས་ཀྱི་འཐུས་མི་རྣམས་དང་། གཞུང་འབྲེལ་གྱི་ལས་བྱེད་རྣམས་ཀྱིས་འགྲོ་བ་མིའི་རིགས་ལ་ཕན་ཐོགས་པའི་བྱ་བ་ཧ་ལས་པ་ཞིག་གནང་བར་སྐུ་ཉིད་ནས་བཀའ་དྲིན་ཆེ་ཞེས་གསུངས་འདུག