ཆབ་སྲིད་བཙོན་ཟུར་ཚེ་མགོན་རྒྱལ་གྱི་སྐུ་གཟུཊ་གནས་སྟངས་ཛ་དྲག་ཡིན་འདུག

བོད་ཀྱི་ཆབ་སྲིད་བཙོན་ཟུར་ཚེ་མགོན་རྒྱལ་ལགས་ཕྱི་ལོ་ ༢༠༡༩ ལོའི་ལོ་མཇུག་ཏུ་བཙོན་གྲོལ་བཏང་ནས་ཡུན་རིང་མ་འགོར་བར་ནད་མནར་རྐྱེན་གྱིས་གཤག་བཅོས་གཏོང་དགོས་བྱུང་བ་སོགས་ད་ལྟའི་ཆར་སྐུ་གཟུགས་གནས་སྟངས་ཛ་དྲག་ཆགས་ཡོད་པའི་གནས་ཚུལ་ཐོན་འདུགདེ་རིང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་རྐང་ཚ་རྫོང་ནས་ཡིན་པའི་བོད་མི་ལས་བྱེད་པ་དང་། གསར་འགོད་པ། ཆབ་སྲིད་བཙོན་ཟུར་ཚེ་མགོན་རྒྱལ་ལགས་སྔར་ལོའི་ཕྱི་ཟླ་ ༡༢ ཚེས་ ༦ ཙམ་ལ་ཀློད་གློལ་བཏང་རྗེས། ཕྱི་ལོ་ ༢༠༢༠ ལོའི་ཟླ་ ༡ ཚེས་ ༡༤ ཉིན་བསྐྱར་དུ་སྨན་ཁང་ལ་སོང་སྟེ། ཁོང་གི་མཁྲིས་པར་གཤག་བཅོས་བྱས་ཏེ་མཁྲིས་སྦུབས་འགག་པ་གཙང་སེལ་བྱས་ཡོད་པ་དང་། གནས་ཚུལ་གོ་ཐོས་ལྟར་ན། ཁོང་གི་གནས་སྟངས་ཧ་ཅང་ཛ་དྲག་ངང་ཡོད་སྐོར་བཀོད་འདུག

འདི་ག་བོད་ཀྱི་དུས་བབ་གསར་འགོད་པས་འབྲེལ་ཡོད་ཅིག་ལ་སྐད་ཆ་དྲིས་པར། ཁོང་ཀློད་གྲོལ་ཐོབ་པ་དངོས་ཡོད་ཡིན་ན་ཡང་། ཁོང་གི་གནས་སྟངས་དང་ནང་མི་ཚོའི་བདེ་འཇགས་སོགས་མང་པོ་ཞིག་ལ་དམིགས་ནས་ད་བར་ཁོང་གི་གནས་སྟངས་ཕྱི་ལ་བསྒྲགས་མེད་པ་དང་། ད་ལྟའི་ཆར་ཁོང་རང་ཁྱིམ་དུ་བསྡད་དེ་སྨན་བཅོས་བྱེད་བཞིན་ཡོད་ཀྱང་། ན་ཚ་ཛ་དྲག་ཡིན་པ་དང་དཔལ་འབྱོར་སོགས་ཀྱི་ཐོག་ནས་དཀའ་ངལ་མང་པོ་ཞིག་འཕྲད་བཞིན་ཡོད་པ་དང་། འདིར་གནས་ཚུལ་གསལ་བོ་བཤད་ན་ཁོང་དང་ཁོང་གི་ནང་མི་ཚོར་ཉེན་ཁ་ཡོད་སྐོར་བཤད་བཞིན་ཡོད་སྐོར་བརྗོད་བྱུང་།

ཕྱི་ལོ་༢༠༡༦ ཟླ་ ༡༢ ཚེས་༩ ཉིན་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཟེར་བས། ཚེ་མགོན་རྒྱལ་ལགས་བསྐྱར་དུ་འཛིན་བཟུང་བྱས་ཏེ་ཟླ་ ༨ ལྷག་ལ་བཀག་ཉར་བྱས་ཡོད་པ་དང་།  ཕྱི་ལོ་ ༢༠༡༧ ཟླ་༥ ཚེས་༣ ཉིན་མཚོ་བྱང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་ཁོང་ལ་ཁྲིམས་བཤེར་བྱེད་རྒྱུ་ཡིན་སྐོར་བསྒྲགས་ཡོད་ཀྱང་། སྐབས་དེར་ཚེ་མགོན་རྒྱལ་གྱི་ཕ་མ་དང་ཉེ་འབྲེལ་ཚོར་སྐད་མ་བཏང་བར་གསང་བའི་སྒོ་ནས་ཁོང་ལ་ཁྲིམས་བཤེར་བྱས་ཡོད་པ་མ་ཟད། ཁོང་ལ་ཁྲིམས་མཐུན་གྱི་ཁྲིམས་རྩོད་པའམ་ཕྱི་གསལ་ནང་གསལ་གྱི་ཁྲིམས་བཤེར་ཐོབ་ཐང་གང་ཡང་སྤྲད་མེད་པ་རེད།  ཁོང་ལ་ཁྲིམས་ཐག་མ་བཅད་བར་དུ་རྐང་ཚ་རྫོང་གི་བཀག་ཉར་ཁང་ཞིག་ཏུ་བཀག་བསྐྱིལ་བྱས་ཡོད་པ་རེད།

དེའི་རྗེས་ཕྱི་ལོ་ ༢༠༡༨ ལོའི་ཕྱི་ཟླ་ ༡ ཚེས་ ༡༠ ཉིན་མཚོ་བྱང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས། ཚེ་མགོན་རྒྱལ་ལགས་ལ་ལོ་གསུམ་གྱི་བཙོན་ཐག་བཅད་དེ་ཟི་ལིང་གྲོང་ཁྱེར་ཏུང་ཁྲན་བཙོན་ཁང་(东川监狱) དུ་བཙོན་འཇུག་བྱས་ཡོད་པ་དང་། སྐབས་དེར་འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་པས་རྒྱ་ནག་གཞུང་གིས། ཚེ་མགོན་རྒྱལ་ལགས་ཀྱིས་དེ་སྔོན་སྐད་འཕྲིན་ནང་མི་རིགས་མཐུན་སྒྲིལ་ཞེས་པ་དེར་དཔྱད་བརྗོད་རྩོམ་ཐུང་ཞིག་སྤེལ་བར་བརྟེན།  རྒྱལ་ཁབ་ཁ་བྲལ་གཏོང་བར་ངན་བསྐུལ་བྱས་པའི་ཉེས་མིང་གཡོགས་ཡོད་ཀྱང་། ཁོང་གིས་བྲིས་པའི་དཔྱད་བརྗོད་རྩོམ་ཡིག་དེ་ད་བར་ལག་སོན་བྱུང་མེད་པ་རེད།

ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༢༢ ཉིན་གྱི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་གསར་འགོད་གསལ་བསྒྲགས་ལྟར་ན། ཕྱི་ལོ་ ༡༩༩༣ ལོའི་ལོ་མགོར་མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས། ཕྱི་སྡོད་གསང་བའི་རྩ་འཛུགས་ལ་ངན་འབྲེལ་བྱས་ཏེ་བོད་རང་བཙན་ཆེད་༼མདོ་སྨད་གཞོན་ནུ་འཆི་ཕོད་ཚོགས་པ་ ༽ཟེར་བ་ཞིག་བཙུགས་པར་ཁ་གཡར་ཏེ། ཚེ་མགོན་རྒྱལ་དང་གནམ་ལོ་ཡག   ཀླུ་མཁར་བྱམས་བཅས་འཛིན་བཟུང་བྱས་པ་དང་། ༡༩༩༤ ཟླ་ ༧ ཚེས་ ༢༨ ཉིན་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་གསང་མྱུལ་བྱས་པ་དང་། གསར་བརྗེ་ངོ་ལོག་པའི་ཚོགས་པ་བཙུགས་པའི་ཉེས་མིང་འོག ཚེ་མགོན་རྒྱལ་ལགས་ལ་ལོ་ ༡༦ དང་ཆབ་སྲིད་ཁེ་དབང་ལོ་ ༤  འཕྲོག་པ་དང་། ཀླུ་མཁར་བྱམས་ལ་ལོ་ ༡༧ དང་ཆབ་སྲིད་ཁེ་དབང་ལོ་ ༥ འཕྲོག དེ་བཞིན། གནམ་ལོ་ཡག་ལགས་ལ་ལོ་ ༡༢ དང་ཆབ་སྲིད་ཁེ་དབང་ལོ ༤ ལ་འཕྲོག་ཡོད་ཀྱང་། དོན་རྐྱེན་དེ་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་ཐོན་སྟབས། རྒྱལ་སྤྱིའི་སྟེང་ནས་སྐབས་དེའི་རྒྱ་ནག་གཞུང་ལ་གནོན་ཤུགས་རབས་དང་རིམ་པ་སྤྲད་དེ་ལས་འགུལ་ཤུགས་ཆེན་སྤེལ་བ་དང་། ༡༩༩༧ ལོར་རྒྱ་ནག་གཞུང་གིས་ཧོང་ཀོང་བདེ་ལེགས་ངང་རྩིས་ལེན་བྱེད་སླད་ཁྲིམས་ལུགས་ཁག་ལ་བསྐྱར་བཅོས་བྱས་ཏེ། གསར་བརྗེ་ངོ་ལོག་པ་ཟེར་བ་དེ་རྒྱལ་ཁབ་ཁ་བྲལ་ལ་བརྗེ་བསྒྱུར་བྱས་པར་བརྟེན།  ལོ་དེའི་དགུན་ཁར་མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ཚེ་མགོན་རྒྱལ་ལགས་ལ་རྒྱལ་ཁབ་ཁ་བྲལ་བའི་ཉེས་མིང་འོག་ལོ་  ༦ དང་ཆབ་སྲིད་ཁེ་དབང་ལོ་ ༢ དང་། གནམ་ལོ་ཡག་ལགས་ལ་ལོ་ ༤ དང་ཆབ་སྲིད་ཁེ་དབང་ལོ་ ༡ འཕྲོག་པའི་ཁྲིམས་ཆད་བསྐྱར་བཅོས་བྱས་ཏེ།  ཕྱི་ལོ ༡༩༩༧ ཟླ་ ༡༡ ཚེས་ ༡༤ ཉིན་གནམ་ལོ་ཡག་ལགས་ཀློད་པ་དང་། ཕྱི་ལོ་ ༡༩༩༩ ཟླ་ ༥ ཚེས་ ༨ ཉིན་ཚེ་མགོན་རྒྱལ་ལགས་བཙོན་གྲོལ་ཐོབ་ཡོད་འདུག

ཕྱི་ལོ་ ༡༩༩༩ ལོར་ཚེ་མགོན་རྒྱལ་ལགས་བཙོན་གྲོལ་ཐོབ་རྗེས། རྐང་ཚ་དཀྱིལ་དུ་བཟུང་བའི་མཚོ་བྱང་ས་ཁུལ་གྱི་དབང་བོ་སྐྱོན་ཅན་ལ་སེམས་ཤུགས་སྐུལ་སྤེལ་དང་ནུས་པ་སྔོག་འདོན་གྱི་ལས་གཞི་ཞིག་མགོ་བཙུགས་ཡོད་པ་མ་ཟད། རིམ་པས་དབང་བོ་སྐྱོན་ཅན་གྱི་གླུ་གར་ཚོགས་པ་ཞིག་བཙུགས་ཏེ་ཞིང་ཆེན་རིམ་པ་བརྒལ་ནས་རྒྱ་ནག་ནང་འཁྲབ་སྟོན་བྱས་ཡོད་ཀྱང་། ཁོང་ལ་རྒྱ་གཞུང་གིས་འགོག་རྐྱེན་སྣ་མང་བཟོས་སྟབས་ཚོགས་པ་དེ་རྒྱ་གཞུང་ལ་རྩིས་སྤྲོད་དགོས་བྱུང་ཡོད་པ་དང་། ༢༠༡༥ ལོ་ནི་མཚོ་སྔོན་པོའི་གནས་འདུས་ཡིན་སྟབས། བོད་མདོ་དབུས་ཁམས་གསུམ་ནས་གནས་བསྐོར་ལ་ཕེབས་མཁན་མང་པོ་ཡོད་སྟབས། ཁོང་གིས་མཚོ་སྔོན་པོའི་ཁར་སྔར་རྒྱལ་དབང་ལྔ་བ་ཆེན་མོའི་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་གནས་དེར་གནས་བསྐོར་བར་ཏཱ་ལའི་སྐོམ་ཆུ་གཙོས་པའི་ཟས་རིགས་རིན་མེད་དུ་སྤྲད་དེ། མཇལ་སྐོར་བ་ཚོར་བོད་ཀྱི་སྔར་སྲོལ་ཕྱིར་དྲན་གྱི་སྐུལ་འདེད་གནང་ཡོད་འདུག

ཆབ་སྲིད་བཙོན་ཟུར་ཚེ་མགོན་རྒྱལ་ལམ་རྐང་གཞོང་ཨ་ཚེ་ལགས་ནི། ཕྱི་ལོ་ ༡༩༦༣ ཟླ་ ༨ ཚེས་ ༡༢ ཉིན་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གི་འབྲོག་ཁྱིམ་ཞིག་ཏུ་སྐྱེས་ཤིང་། ཁོང་སློབ་ཆེན་མཐར་ཕྱིན་རྗེས་རིམ་པས་ས་གནས་གཞུང་གི་དགེ་རྒན་དང་རྫོང་ཉེན་རྟོག་ལས་ཁུངས་ནང་ཆེད་ལས་ལག་རྩལ་པའི་ཕྱག་ལས་གནང་མྱོང་ཡོད་པ་དང་། སྐབས་དེར་ཁོང་མཚོ་སྔོན་ཞིང་ཆེན་ནང་ཉེན་རྟོག་ཆེད་ལས་ལག་རྩལ་འཛིན་གྲྭའི་ནང་ཡོད་པའི་བོད་པ་ ༤ ཡི་ནང་ནས་གཅིག་ཡིན་པ་དང་། ལས་ཞོར་དུ་ཁོང་གིས་མཚོ་སྔོན་བོད་ཡིག་གསར་འགྱུར་དང་མཚོ་སྔོན་ཁྲིམས་ལུགས་ཚགས་པར་གཉིས་ཀྱི་གསར་འགོད་པ་ལོ་མང་གནང་སྟེ་ཕུལ་བྱུང་གསར་འགོད་པའི་རྟགས་མའང་ཐེངས་མང་ཐོབ་ཡོད་འདུག

འབྲེལ་ཡོད་གནས་ཚུལ།

ཆབ་སྲིད་བཙོན་ཟུར་ཚེ་མགོན་རྒྱལ་བསྐྱར་དུ་འཛིན་བཟུང་བྱས་འདུག

ཚེ་མགོན་རྒྱལ་ལ་ལོ་གསུམ་གྱི་ཁྲིམས་ཐག་བཅད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༡༠/༡༢

Leave a Reply