ནོ་བྷེལ་དཔལ་འབྱོར་གཟེངས་རྟགས་ཡོངས་བསྒྲགས་གནང་། 

ཕྱི་ལོ་ ༢༠༢༠ ལོའི་ནོ་བྷེལ་དཔལ་འབྱོར་གཟེངས་རྟགས་དེ་ཨ་རིའི་སི་ཊན་ཧྥོར་ཊི་(Stanford University)གཙུག་ལག་སློབ་གཉེར་ཁང་གི་དཔལ་འབྱོར་རིག་པ་བ་གཉིས་ལ་ཐོབ་འདུགདེ་རིང་ནོ་བྷེལ་གཟེངས་རྟགས་ལྷན་ཚོགས་ནས། ཕྱི་ལོ་ ༢༠༢༠ ལོའི་ནོ་བྷེལ་དཔལ་འབྱོར་རིག་པའི་གཟེངས་རྟགས་དེ། ཨ་རིའི་དཔལ་འབྱོར་རིག་པ་བ་དང་ཁཱལ་ལི་ཧྥོ་ནེའུ་ཡ་མངའ་སྡེའི་སི་ཊན་ཧྥོར་ཊི་(Stanford University)གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་སྐུ་ཞབས་པོལ་མྰེལ་གྷི་རོམ(Paul Milgrom)ལགས་དང་། རའོ་བྷིར་ཊི་ཝལ་སོན་(Robert B. Wilson)ལགས་གཉིས་ལ་གནང་གཏན་འཁེལ་བ་གསལ་བསྒྲགས་བྱས་འདུག་ལ། རིན་སྤར་ཚོང་སྒྱུར་(Auction)གྱི་གཞུང་ལུགས་ཡར་རྒྱས་དང་། རིན་སྤར་ཚོང་སྒྱུར་གྱི་རྣམ་པ་གསར་གཏོད་དང་ལེགས་བཅོས་བཏང་བའི་ཆེ་བསྟོད་དུ་གནང་ཡོད་འདུག

ལྷན་ཚོགས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་ནང་། སློབ་དཔོན་གཉིས་ནས་རིན་སྤར་ཚོང་སྒྱུར་གྱི་སྐོར་ལ་ཞིབ་འཇུག་དང་། ཁོང་གཉིས་ནས་རང་ཉིད་ཀྱི་རྣམ་དཔྱོད་སྤྱད་དེ་སྲོལ་རྒྱུན་གྱི་རྣམ་པའི་རིན་སྤར་ཚོང་སྒྱུར་དཀའ་བའི་ཅ་དངོས་རིགས། ཚོང་སྒྱུར་གྱི་རྣམ་པ་ལེགས་བཅོས་དང་ཐབས་ཇུས་གསར་པ་ཡིས་འཛམ་གླིང་ཡོངས་ཀྱི་ཚོང་བ་དང་འཛད་སྤྱོད་པ། ཚོང་ལས་ཁྲལ་འཇལ་མཁན་ཚོར་ཕན་ཐོགས་ཆེན་པོ་བྱུང་ཡོད་སྐོར་བརྗོད་འདུག

ནོ་བྷེལ་གཟེངས་རྟགས་ལྷན་ཚོགས་ཀྱི་འགན་འཛིན་(Peter Fredriksson)ལགས་ཀྱིས།  མི་རྣམས་ཀྱིས་རྒྱུན་དུ་ཅ་དངོས་ཉོ་སྐབས་རིན་གོང་ཆེས་དམའ་བོ་བྱས་ཏེ་ཉོ་ཐབས་དང་། ཕར་ལ་བཙོང་སྐབས་རིན་གོང་ཆེས་ཆེ་བ་བྱས་ཏེ་བཙོང་ཐབས་བྱེད་བཞིན་ཡོད་སྟབས། གནད་དོན་དེས་ཉོ་མཁན་དང་ཚོང་མཁན་བར་གྱི་ཁེ་ཕན་ལ་དོ་ཕོག་འགྲོ་གཞིར་གྱུར་ཡོད་ཀྱང་། ཐེངས་འདིའི་ཚོང་ལས་གསར་གཏོད་དེས་ཉོ་མཁན་གྱིས་ཚོང་མཁན་གྱི་ཅ་དངོས་རིན་ཐང་ལ་བསམ་བློ་གཏོང་དགོས་པ་མ་ཟད། ཚོང་མཁན་གྱིས་ཉོ་མཁན་གྱི་སྔ་མའི་ཅ་དངོས་རིན་ཐང་ཤེས་རྟོག་ཐུབ་པ་སོགས་ཀྱི་ཁེ་ཕན་ཡོད་པ་དང་། ཚོང་ལས་ཁེ་གཉེར་ཁྲོད་མེད་ཐབས་མེད་པའི་གཞི་རྩའི་ལྟ་གྲུབ་དེ་མ་འོངས་པར་མིའི་རིགས་ཀྱི་ཚོང་ལས་ལག་ལེན་ཁྲོད་བཀོལ་སྤྱོད་དང་། གསར་གཏོད་དེས་མིའི་སྤྱི་ཚོགས་ལ་ཕན་ཐོགས་རླབས་ཆེན་སྐྲུན་ཡོད་སྐོར་སོགས་བརྗོད་འདུག

འདི་ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་དེ། ཕྱི་ཟླ་ ༡༠ ཚེས་ ༥ ནས་ཡོངས་བསྒྲགས་བྱེད་མགོ་ཚུགས་ཏེ། ད་བར་གསོ་རིག་དང་དངོས་ཁམས། རྫས་འགྱུར། རྩོམ་རིག ཞི་བདེ། རྩོམ་རིག་དང་དཔལ་འབྱོར་གྱི་སྟེང་གསར་གཏོད་དང་ཁྱད་འཕགས་རང་བཞིན་གྱི་མི་སྣ་ ༡༡ ཙམ་ལ་ནོ་བྷེལ་བྱ་དགའ་སྤྲོད་གཏན་འཁེལ་བ་ཡོངས་བསྒྲགས་མཚན་འདོན་གནང་ཡོད་པ་དང་། འདི་ལོར་ནོ་བྷེལ་གཟེངས་རྟགས་སྤྲོད་སའི་རིག་ཚན་ཚང་མར་གཟེངས་རྟགས་སྤྲོད་རྒྱུ་ཡིན་འདུག

སྐུ་ཞབས་རའོ་བྷིར་ཊི་ཝལ་སོན་ནི་ཕྱི་ལོ་ ༡༩༤༨  ཕྱི་ཟླ་ ༤ ཚེས་ ༢༠ ཉིན་སྐྱེས་ཤིང་།  དཔལ་འབྱོར་རིག་པ་བ་དང་ཕྱི་ལོ་ ༡༩༨༧ ནས་སི་ཊན་ཧྥོར་ཊི་གཙུག་ལག་སློབ་གཉེར་ཁང་གི་སྒྱུ་རྩལ་རིག་གནས་དང་ཚན་རིག་གི་སློབ་དཔོན་ཆེན་མོ་ཡིན་པ་དང་། ཁོང་ནི་རྩེད་མོའི་གྲུབ་མཐའ་དང་རིན་སྤར་ཚོང་སྒྱུར་གྱི་རྣམ་བཞག་ལ་ཕུལ་དུ་བྱུང་བའི་མི་སྣ་ཞིག་ཡིན་པ་དང་།  དེ་སྔོན་ཁོང་གིས་དཔལ་འབྱོར་རིག་པ་བ་གཉིས་དང་ཟུང་འབྲེལ་གྱིས་ཁེ་ཚོང་མེད་པའི་རྣམ་བཞག་(no-trade therorem)གསར་གཏོད་བྱས་ཡོད་འདུག  དེ་བཞིན་སྐུ་ཞབས་པོལ་མྰེལ་གྷི་རོམ་ནི་ཕྱི་ལོ་ ༡༩༣༧ ཕྱི་ཟླ་ ༥ ཚེས་ ༡༦ ཉིན་སྐྱེས་ཤིང་། དཔལ་འབྱོར་རིག་པ་བ་དང་ཨ་རིའི་སི་ཊན་ཧྥོར་ཊི་གཙུག་ལག་སློབ་གཉེར་ཁང་གི་འཆར་འགོད་དོ་དམ་སྡེ་ཚན་གྱི་སློབ་དཔོན་ཆེན་མོ་ཡིན་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག བསྟན་འཛིན་ཕུར་བུ།

བསྐྱར་བཅོས།: ༢༠༢༠/༡༠/༡༤

Leave a Reply