ཐའེ་ཝན་མི་མང་ལ་མ་ཉེས་ཁག་གཡོགས་བྱེད་མཚམས་འཇོག་དགོས།

རྒྱ་ནག་གཞུང་གིས་ཐའེ་ཝན་གྱི་གསང་མྱུལ་བ་དང་གསང་བའི་ཡིག་ཆ་རྩད་ཆོད་ཡོད་སྐོར་བརྗོད་པ་ནི་མ་ཉེས་ཁག་གཡོགས་དང་བསླུ་བྲིད་བྱེད་ཐབས་ཤིག་ཡིན་སྐོར་བརྗོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༢ ཉིན། ཐའེ་ཝན་གྱི་རྒྱ་ནག་སྐམ་སའི་ལས་དོན་ཚོགས་པས་(Taiwan’s Mainland Affairs Council)ཉིན་ཤས་སྔོན་རྒྱ་ནག་གཞུང་གིས་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཟེར་བས། ཐའེ་ཝན་དང་འབྲེལ་བའི་རྒྱ་ནག་ལ་གསང་མྱུལ་བྱེད་མཁན་དང་། གསང་བའི་ཡིག་ཆ་རྐུ་འཁྱེར་གྱི་གནད་དོན་བརྒྱ་ཕྲག་དང་གསང་མྱུལ་བ་མང་པོ་རྩེད་ཡོད་སྐོར་བརྗོད་པ་ནི་དངོས་བདེན་མིན་པ་མ་ཟད། དེ་ནི་རྒྱ་ནག་གཞུང་གིས་ཆེད་དམིགས་ཐའེ་ཝན་མཚོ་འགག་ལ་དམིགས་པའི་ངན་བྱུས་དང་། ཐའེ་ཝན་མི་མང་ལ་མ་ཉེས་ཁག་གཡོགས་བྱས་པ་ཡིན་སྐོར་བརྗོད་འདུག

དེ་འབྲེལ་གནས་ཚུལ་ནང་ཐའེ་ཝན་རྒྱ་ནག་སྐམ་སའི་ལས་དོན་ཚོགས་པས།རྒྱ་ནག་གཞུང་འབྲེལ་ལས་ཁུངས་དང་གསར་ལམ་ཁག་གིས་ཐའེ་ཝན་གྱི་གསང་མྱུལ་བ་འཛིན་བཟུང་དང་། གསང་མྱུལ་ཡིག་ཆ་རིགས་རྩད་ཆོད་ཡོད་སྐོར་བརྗོད་པ་ནི་བདེན་པ་རྩ་ནས་མིན་པ་དང་། དེ་ནི་རྒྱ་ནག་གཞུང་གིས་ཐའེ་ཝན་མཚོ་འགག་དང་། ཐའེ་ཝན་གྱི་དམངས་གཙོར་ཐེ་གཏོགས་བྱས་པ་ཞིག་ཡིན་པ་མ་ཟད། མཚོ་འགག་གཉིས་ཀྱི་འབྲེལ་ལམ་ལ་ཆེད་དམིགས་གཏོར་བཤིག་བཏང་བ་ཞིག་ཡིན་སྐོར་བརྗོད་འདུག

ཡང་ལས་དོན་ཚོགས་པས་མུ་མཐུད། རྒྱ་ནག་དམར་ཤོག་ཚོགས་པས་ཆེད་དམིགས་གནད་དོན་བཟོས་ནས། མི་མང་བསླུ་བྲིད་དང་ཉེས་མེད་ཉེས་འགེལ་བྱེད་པ། དོན་མེད་ཐའེ་ཝན་མི་མང་ལ་མ་ཉེས་ཁག་གཡོགས་བྱེད་མཚམས་འཇོག་དགོས་པ་དང་། རྒྱ་ནག་གཞུང་གིས་དེ་སྔ་ཐའེ་ཝན་གྱི་གསང་ཉུལ་བ་ཡིན་སྐོར་བརྗོད་ནས་འཛིན་བཟུང་བྱས་པ་ཁག་ལ་དྲང་བདེན་གྱི་ཁྲིམས་བཤེར་རིགས་གང་ཡང་མེད་པར། ནག་ཉེས་བཙན་འགེལ་གྱིས་ཁྲིམས་ཐག་རིགས་བཅད་ཡོད་སྐོར་སོགས་བརྗོད་འདུག

རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ། སྔར་ལོ་རྒྱ་ནག་ཧྲིན་ཀྲིན་ནས་གསང་མྱུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་པའི་ལའེ་མཱན་ཁྲོ(Lee Meng-chu)གྱོད་དོན་དང་འབྲེལ་ནས། གསང་མྱུལ་འཚོལ་ཞིབ་ཀྱི་ལས་འགུལ་སྤེལ་བར་ཐའེ་ཝན་གྱི་གསང་མྱུལ་བ་ཁག་ཅིག་འཛིན་བཟུང་བྱས་ཡོད་སྐོར་དང་།  གསང་བའི་ཡིག་ཆ་བརྒྱ་ཕྲག་མང་པོ་རྩད་ཆོད་ཡོད་སྐོར་སོགས་བརྗོད་ཡོད་ཀྱང་། གསང་མྱུལ་བའི་ཁ་གྲངས་ག་ཚོད་ཡོད་དང་གསང་བའི་ཡིག་ཆ་དེ་དག་ག་རེ་སྐོར་ཡིན་སོགས་ཞིབ་ཕྲ་གང་ཡང་བརྗོད་མེད་འདུག

ཡང་གསར་འགྱུར་ཟེར་བ་དེའི་ནང་། ཉེ་བའི་ལོ་ཤས་ནས་བཟུང་ཐའེ་ཝན་གྱི་སྲིད་འཛིན་ལྕམ་ཚའེ་ཡན་ཝན་སྲིད་གཞུང་གིས། ཕྱི་ཕྱོགས་ནས་རྒྱ་ནག་ལ་ངོ་རྒོལ་བྱེད་མཁན་དང་ཁྱི་སྤྱང་ངན་འབྲེལ་བྱེད་ཤུགས་ཆེ་ཏུ་བཏང་བ་དང་། ཕྱིའི་རྒྱལ་ཁབ་ཁག་རྒྱབ་རྟེན་དུ་བཅོལ་ནས་ཁ་བྲལ་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་མ་ཟད། རྒྱ་ནག་གཅིག་གི་སྲིད་བྱུས་ལ་གཏོར་རྒོལ་རིམ་པར་བཏང་བ་སོགས། ཐའེ་ཝན་གྱི་ཞི་བདེ་དང་བརྟན་ལྷིང་ལ་གཏོར་གཤིག་ཚབས་ཆེན་བཏང་ཡོད་སྐོར་བརྗོད་འདུག

ལོ་ཤས་ནས་བཟུང་ཐའེ་ཝན་མཚོ་གླིང་གི་སྲིད་འཛིན་ལ་ལྕམ་ཚའེ་ཡེན་ཝུན་བདམས་རྗེས། ཐའེ་རྒྱ་གཉིས་ཀྱི་མཚོ་འགག་འབྲེལ་ལམ་སྡུག་ཏུ་སོང་ཡོད་པ་དང་། འདི་ལོའི་ལོ་མགོ་ནས་བཟུང་རྒྱ་ནག་གིས་ཏོག་ནད་ཁྱབ་གདལ་བཏང་བ་ནས་བཟུང་། རྒྱལ་སྤྱིའི་སྟེང་ཐའེ་ཝན་གྱི་ཏོག་ནད་སྔོན་འགོག་ལ་ཆེ་བསྟོད་དང་འབྲེལ་ལམ་ཡར་རྒྱས་སུ་འགྲོ་བཞིན་ཡོད་པ་མ་ཟད། ཨ་རི་དང་ཡུ་རོབ་རྒྱལ་ཁབ་ཁག་གིས་ཐའེ་ཝན་ལ་བསྐྱར་དུ་ངོས་འཛིན་གསར་བ་ཞིག་ཐོབ་པར་བརྟེན། རྒྱ་ནག་གིས་ཐའེ་ཝན་མགོ་འགག་ལ་དམག་གི་འཇིགས་སྐུལ་སོགས་ཕྱོགས་གཉིས་ཀྱི་འབྲེལ་ཉག་ཕྲའི་གནས་སུ་ལྷུང་ཡོད་པ་རེད།

ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་ཐའེ་ཝན་རྒྱལ་སྟོན་ཉིན་མོ་དང་བསྟུན་ཐའེ་ཝན་སྲིད་འཛིན་གྱིས་སྤོབས་པ་ཆེན་པོས། རྒྱ་ནག་དང་ཕྱོགས་གཉིས་བར་དོན་ཕན་ལྡན་པའི་གྲོས་མོལ་ཡོང་ཐབས་བྱ་དགོས་པ་དང་། རྒྱ་ནག་ཕྱོགས་ནས་དོན་མེད་འཇིགས་སྐུལ་སོགས་མ་བྱས་པར་དོན་དངོས་ལ་བསམ་བློ་བཏང་བ་ཡིན་ན་སྔར་བཞིན་གྲོས་མོལ་ཡོད་སྐོར་སོགས་བརྗོད་ཡོད་པ་དང་། ཉིན་དེར་རྒྱ་ནག་དམར་དམག་གིས་ཐའེ་ཝན་མཚོ་ཁུལ་དང་ཐག་ཉེ་བའི་གྲོང་ཁྱེར་ཁག་ཏུ་སྐམ་མཚོ་གནམ་གསུམ་ནས་དམག་སྦྱོང་དང་འཇིགས་སྐུལ་བྱས་ཡོད་པ་མ་ཟད། རྒྱ་ནག་གི་དམག་གྲུ་ཞིག་ཐེ་ཝན་ལྷོ་ནུབ་ཕྱོགས་ཀྱི་མཚོ་ཁོངས་སུ་བཙན་འཛུལ་བྱེད་ཐབས་སོགས་དམག་གི་འཇིགས་སྐུལ་ཡང་ཡང་བྱས་ཡོད་པ་རེད།

ཐའེ་ཝན་གྲོས་ཚོགས་ནང་བསྒྲགས་པའི་གནས་ཚུལ་ལྟར་ན། འདི་ལོའི་ཕྱི་ཟླ་ ༩ ཚེས་ ༡༦ ནས་བཟུང་རྒྱ་ནག་དམར་དམག་གིས་ཐེ་ཝན་མངའ་ཁོངས་སུ་གནམ་མཚོ་གཉིས་ནས་བཙན་འཛུལ་ཐེངས་ ༡༧ བྱས་ཡོད་སྐོར་བརྗོད་ཡོད་པ་དང་། ཐའེ་ཝན་གྲོས་ཚོགས་ནང་ཐའེ་ཝན་མི་མང་གིས་རྒྱ་ནག་གི་འཇིགས་སྐུལ་ལ་སྐྲག་མི་དགོས་པ་དང་། ཐའེ་ཝན་ཕྱོགས་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུའི་གྲ་སྒྲིག་ཡོད་པ་མ་ཟད། རྒྱ་ནག་གིས་ཐའེ་ཝན་ཙམ་མ་ཟད་འཛམ་གླིང་གི་རྒྱལ་ཁབ་མང་པོར་བཙན་འཛུལ་བྱེད་བཞིན་ཡོད་སྟབས། འཛམ་གླིང་གི་དམངས་གཙོའི་རྒྱལ་ཁབ་ཚང་མ་མཉམ་འབྲེལ་ཡོད་སྐོར་སོགས་བརྗོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༡༠/༡༣

Leave a Reply