ཀ་ཤི་མིར་གྱི་མངའ་སྡེ་བློན་ཆེན་ཟུར་བ་ཀློད་ཡོད་འདུག

ལོ་ངོ་གཅིག་ལྷག་རིང་བཟང་བཙོན་འོག་བཅུག་པའི་ལྕམ་མྰེ་བྷི་བྷ་མྰོ་ཧྥི་ཊེ་ཡིས་དབུས་གཞུང་གིས་ཀ་ཤི་མིར་དམིགས་བསལ་གནས་བབ་ཕྱིར་བསྡུ་བྱས་པར་མུ་མཐུད་འཐབ་རྩོད་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

ཁ་སང་ཕྱི་ཚེས་ ༡༣ ཉིན། སྔར་ལོའི་ཕྱི་ཟླ་ ༨ ཚེས་ ༥ ཉིན་རྒྱ་གར་གཞུང་གིས་ཇ་མུ་ཀཱ་ཤི་མིར་གྱི་དམིགས་བསལ་གནས་བབ་ཕྱིར་བསྡུ་དང་འབྲེལ། ཟང་རྙོག་མི་ཡོང་ཆེད་བཟང་བཙོན་འོག་བཅུག་ཡོད་པའི་ཡུལ་དེའི་མངའ་སྡེ་བློན་ཆེན་ཟུར་བ་དང་མི་མང་དམངས་གཙོ་ཚོགས་པའི་ཚོགས་གཙོ་ལྕམ་མྰེ་བྷི་བྷ་མྰོ་ཧྥི་ཊེ་(Mehbooba Mufti)ལགས། ལོ་གཅིག་དང་ཟླ་གཉིས་ཀྱི་རྗེས་སུ་བཟང་བཙོན་ནས་ཀློད་གྲོལ་བཏང་ཡོད་ན་ཡང་། ཁོ་མོས་བསྐྱརདུ་དབུས་གཞུང་གི་ཐག་གཅོད་ལ་སྔར་བཞིན་འཐབ་རྩོད་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

དེ་འབྲེལ་གནས་ཚུལ་ནང་། ཀ་ཤི་མིར་མངའ་སྡེ་གཞུང་གི་མགྲིན་ཚབ་པ་རོ་ཧེ་ཊི་ཀཱན་སིལ(Rohit Kansal)ལགས་ནས། སྔར་ལོའི་ཕྱི་ཟླ་ ༨ པ་ནས་བཟུང་དབུས་གཞུང་གིས་ཀ་ཤི་མིར་མངའ་སྡེའི་དམིགས་བསལ་གནས་བབ་ཕྱིར་བསྡུ་དང་རྩ་ཁྲིམས་དོན་ཚན་ ༣༧༠ པ་ཕྱིར་བསྡུ་བྱས་པ་ནས། ཡུལ་དེའི་ནང་ཟིང་རྙོག་མི་ཡོང་ཆེད་མངའ་སྡེ་བློན་ཆེན་ཟུར་བ་ལྕམ་མྰེ་བྷི་བྷ་མྰོ་ཧྥི་ཊེ་ལགས་དང་། སྲིད་དོན་པ་ཁག་ཅིག་བཟང་བཙོན་འོག་བཅུག་ཡོད་ན་ཡང་། ལྕམ་མྰེ་བྷི་བྷ་མྰོ་ཧྥི་ཊེ་དངོས་སུ་ཀློད་གྲོལ་ཐོབ་ཡོད་སྐོར་བརྗོད་པ་དང་། ལྕམ་མྰེ་བྷི་བྷ་མྰོ་ཧྥི་ཊེ་ལགས་ཀློད་གྲོལ་བཏང་རྗེས་ཀྱི་ཆུ་ཚོད་ཁ་ཤས་ལས་མ་འགོར་བར། ཁོ་མོའི་བུ་མོ་ཨལ་ཊེ་རྗི(Iltija)ཡིས་ལྕམ་མྰེ་བྷི་བྷ་མྰོ་ཧྥི་ཊེ་སྒེར་གྱི་ཊེ་ཊིར་སྤྱི་ཚོགས་དྲ་ལམ་བརྒྱུད། ཆེས་མཐའ་མཇུག་དེར་ལྕམ་ལྕམ་མྰེ་བྷི་བྷ་མྰོ་ཧྥི་ཊེ་ལགས་ཀྱི་ཁྲིམས་འགལ་བཙོན་མཇུག་དུས་ཡུན་རྫོགས་སོང་བ་དང་། གནས་བབ་དཀའ་ཁག་ཅན་འདིའི་འོག་ང་ལ་རྒྱབ་སྐྱོར་བྱེད་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་བཞིན་ཡོད་ལ། ཊི་ཊིར་འདི་སྟངས་འཛིན་བྱེད་མཁན་བུ་མོ་ཨལ་ཊེ་རྗི་ཡིན། ཁྱེད་ཚོ་ཚང་མ་ཨ་ལ་ཡིས་སྐྱོབ་ཡོང་སྐོར་བཀོད་ཡོད་འདུག

དེ་རིང་ཕྱི་ཚེས་ ༡༤ ཉིན་ལྕམ་བྷི་བྷ་མྰོ་ཧྥི་ཊེ་སྒེར་ངོས་ནས་ཊེ་ཊིར་སྟེང་ཟླ་ངོ་ ༡༤ རིང་ཁྲིམས་འགལ་བཙོན་མཇུག་ལས་ཀློད་གྲོལ་བྱུང་རྗེས། མི་མང་ལ་རྣམ་པ་སྐད་སྐུར་ཐུང་ཐུང་ཞིག་ཞེས་པའི་སྐད་ལམ་གནས་ཚུལ་ཞིག་བཏང་བའི་ནང་། ལོ་ངོ་གཅིག་ལྷག་གི་རྗེས་སུ་ཁོ་མོ་བཙོན་གྲོལ་ཐོབ་སོང་བ་དང་། དུས་ཡུན་འདིའི་རིང་ཁོ་མོས་རྒྱུན་དུ་དབུས་གཞུང་གིས་རྩ་ཁྲིམས་དོན་ཚན་ ༣༧༠ ཕྱིར་བསྡུ་བྱས་པའི་གདུག་རྩུབ་ཆེ་བའི་གནད་དོན་དེར་བསམ་བློ་བཏང་བ་ཡིན་ལ། དབུས་གཞུང་གིས་ངེས་པར་དུ་ཀ་ཤི་མིར་དམིགས་བསལ་གནས་བབ་ཞེས་པའི་སྲིད་བྱུས་ཕྱིར་འཐེན་དང་། ཆབ་སྲིད་གནད་དོན་རྐྱེན་གྱིས་བཙོན་མཇུག་བྱས་པའི་མི་སྣ་ཚང་མ་ཀློད་གྲོལ་དགོས་པ་མ་ཟད། ང་ཚོ་ཚང་མས་མུ་མཐུད་འཐབ་རྩོད་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག

སྔར་ལོའི་ཕྱི་ཟླ་ ༨ ནས་བཟུང་རྒྱ་གར་གཞུང་གིས་ཇ་མུ་ཀྰ་ཤི་མིར་གྱི་དམིགས་བསལ་གནས་བབ་ཕྱིར་བསྡུ་བྱས་ཏེ་ཐད་ཀར་དབུས་གཞུང་གི་སྟངས་འཛིན་འོག་བཅུག་རྒྱུ་ཡིན་པ་ཡོངས་བསྒྲགས་གནང་པར་བརྟེན། ཀྰ་ཤི་མིར་ཁུལ་དུ་ངོ་རྒོལ་ཟིང་འཁྲུག་ལངས་བ་དང་འབྲེལ། རྒྱ་གར་གཞུང་གིས་ཇ་མུ་ཀྰ་ཤི་མུར་ཁུལ་དུ། དམག་མི་སྟོང་ཕྲག་མང་པོ་འགྲེམས་འཇོག་གིས་ཁུལ་དེའི་ཆབ་སྲིད་ཀྱི་མགོ་འཁྲིད་ཁག་ཅིག་བཟང་བཙོན་འོག་བཅུག་པ་དང་ཡུལ་སྐོར་བ་ཕྱིར་ལོག་བཏང་བ་སོགས་རྒྱུན་ལྡན་མིན་པའི་འགྱུར་བ་བཏང་རྗེས། ཡུལ་དེའི་ནང་དྲ་རྒྱ་དང་ཁ་པར་སོགས་ཀྱི་འབྲེལ་ལམ་བཀག་འགོག་བྱས་ཡོད་སྟབས། ཀྰ་ཤི་མིར་ཁུལ་གྱི་མི་མང་སྟོང་ཕྲག་མང་པོའི་འཚོ་གནས་ལ་གྱོང་གུད་དང་དམིགས་བསལ་གནས་བབ་སྒྱུར་བཅོས་བཅས་ཀྱི་ཐད་རྒྱ་གར་གཞུང་ལ་ངོ་རྒོལ་ཤུགས་ཆེན་བྱེད་བཞིན་ཡོད་པ་རེད།

རྒྱ་གར་གཞུང་གིས་ཀ་ཤི་མིར་གྱི་དམིགས་བསལ་གནས་བབ་ཕྱིར་བསྡུ་བྱས་པ་དང་འབྲེལ། མཉམ་འབྲེལ་རྒྱལ་ཚོགས་གཙོའི་རྒྱལ་སྤྱིའི་རྒྱལ་ཁབ་མང་པོས་རྒྱ་གར་གཞུང་གི་བྱེད་སྟངས་དེར་སྐྱོན་བརྗོད་ཤུགས་ཆེར་བྱསད་ཡོད་ཀྱང་། རྒྱ་གར་གཞུང་གིས་དེ་ནི་རྒྱ་གར་གྱི་ནང་སྲིད་ལ་ཐེ་བྱུས་བྱས་པ་ཡིན་སྐོར་བརྗོད་ནས་ངོས་ལེན་བྱས་མེད་པ་མ་ཟད། པཱ་ཀི་སི་ཐན་གཞུང་གིས་རྒྱ་གར་གྱིས་ཀྰ་ཤི་མིར་ཁུལ་གྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་དང་ཟིང་ཆ་བསླངས་ཡོད་པའི་སྐྱོན་བརྗོད་དང་སྦྲགས། ཡུལ་དེའི་ནང་ཡོད་པའི་རྒྱ་གར་གཞུང་ཚབ་པ་ཕྱིར་འཕུད་གཏང་རྒྱུ་དང་། རྒྱལ་ཁབ་གཉིས་བར་གྱི་ཚོང་དོན་སོགས་འབྲེལ་ལམ་ཡོངས་རྫོགས་མཚམས་འཇོག་བྱ་རྒྱུ་ཡིན་པ་ཡོངས་བསྒྲགས་སོགས་བྱས་ཡོད་པ་དང་། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་མགྲིན་ཚབ་པས་ཊི་ཝེ་ཊིར་སྟེང་། ང་ཚོས་རྒྱ་གར་གཞུང་གི་སྟངས་འཛིན་འོག་ཡོད་པའི་ཀྰ་ཤི་མིར་ཁུལ་གྱི་འབྲེལ་ལམ་ཡོངས་བཀག་སྡོམ་བྱས་པ་དེས་ཁུལ་དེའི་མི་མང་གི་དམངས་གཙོའི་ཐོབ་ཐང་དང་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་གི་ཡོད་པའི་སེམས་འཚབ་ཡོད་སྐོར་སོགས་རྗོད་ཡོད་པ་རེད།

རྒྱ་གར་གྱི་རྩ་ཁྲིམས་དོན་ཚན་ ༣༧༠ ནི། ཕྱི་ལོ་ ༡༩༤༧ ལོར་རྒྱ་གར་རང་བཙན་ཐོབ་རྗེས་སྐབས་དེའི་རྒྱལ་ཕྲན་སིལ་མ་རྣམས་ལ་རྒྱ་གར་རམ་པཱ་ཀི་སི་ཐན་གཉིས་གང་རུང་གི་ཁོངས་སུ་ཞུགས་རྒྱུའི་གདམ་ཀ་ཡོད་པའི་ཁྲོད་ནས། ཇ་མུ་དང་ཀཱ་ཤི་མིར་གྱིས་རྒྱ་གར་མཉམ་འབྲེལ་ (Indian Union) ནང་ཞུགས་རྒྱུའི་ཆ་རྐྱེན་ནམ་གཞི་རྩ་ཆགས་ཡོད། ཕྱི་ལོ་ ༡༩༤༩ ལོར་རྩ་ཁྲིམས་དོན་ཚན་དེ་ཉིད་དངོས་སུ་ལག་བསྟར་བྱས་ཚུན་ནས་ཇ་མུ་ཀཱ་ཤི་མིར་མངའ་སྡེ་དེ་རྒྱ་གར་རྩ་ཁྲིམས་འོག་ནས་ཐར་ཐུབ་པ་བྱུང་ཡོད། ཁྲིམས་ཡིག་དེ་ལ་བརྟེན་ནས་ཇ་མུ་ཀཱ་ཤི་མིར་གྱིས་རྒྱ་གར་གྱི་མངའ་སྡེ་གཞན་དང་མི་འདྲ་བར་དཔལ་འབྱོར་དང་། རྒྱལ་སྲུང་། ཕྱི་འབྲེལ། འབྲེལ་མཐུད་བཅས་མ་ཡིན་པའི་གནད་དོན་གཞན་གྱི་ཐོག་ལ་རང་འཚམ་གྱི་ཁྲིམས་ཡིག་བཟོ་ཆོག་པའི་དམིགས་བསལ་གནས་བབ་ཞིག་ཡིན་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༡༠/༡༤

Leave a Reply