གངས་ཅན་སྐྱིད་གཤོངས་ནང་རྩ་ཁྲིམས་དང་མི་མཐུན་པའི་འགག་མཚམས་ཤིག་ཏུ་གྱུར་བ།

ཀུན་བཟང་བསྟན་འཛིན།

དམངས་གཙོའི་གཞུང་ཞིག་གི་ཀ་བ་གསུམ་པོ་གཅིག་གིས་གཅིག་ལ་ཉན་འདོད་མེད་པར་མདུན་སྐྱོད་བྱ་ཐབས་མེད་པའི་གནས་སུ་གྱར་བ་དང་། ཆེས་བཀུར་འོས་ཀྱི་རྩ་ཁྲིམས་ཀྱིས་དབང་བསྒྱུར་ལ་བརྩི་སྲུང་མ་བྱས་པར་ལས་དོན་བདེ་བླག་ངང་འགྲོ་ཐུབ་ཀྱི་མེད་ན། གནས་སྟངས་དེ་འདྲའི་འོག་བཅའ་ཁྲིམས་ཀྱིས་བསྐུར་བའི་ལས་འགན་རྣམས་ཇི་བཞིན་མི་སྒྲུབ་པ་ཞིག་ཡིན་པ་སུས་བལྟས་ནའང་གདེང་ཚོད་ཡོད་པའི་སྒོ་ནས་སྡོམ་ཚིག་རྒྱག་ཐུབ་པ་ཞིག་ཡིན། གནས་སྟངས་དེ་འདྲ་ཞིག་ལྷག་ཚེ་དེ་ནི་ “རྩ་ཁྲིམས་དང་མི་མཐུན་པའི་འགག་མཚམས་་ (Constitutional Crisis)” ཤིག་ཏུ་གྱུར་བར་ངོས་འཛིན་བྱེད་དགོས་པ་ཞིག་རེད། དེས་ན་གངས་ཅན་སྐྱིད་གཤོངས་སུ་རྩ་ཁྲིམས་དང་མི་མཐུན་པའི་འགག་མཚམས་ཤིག་ཏུ་སླེབས་ཡོད་པ་གསལ་པོ་རེད། དེ་ཡང་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་སུས་ཀྱང་ཞུ་གཏུགས་རིགས་མི་དགོས་པའི་གནས་སྟངས་འོག་རྩ་ཁྲིམས་སམ་བཅའ་ཁྲིམས་ཀྱི་དབང་བསྒྱུར་བེད་སྤྱོད་བྱེད་ཆོག་པའི་འོག་ཁྲིམས་ཞིབ་ཁང་ནས་བཏང་བའི་བཀའ་ཁྱབ་དེར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་དང་སྤྱི་འཐུས་རྒྱུན་ལས་རྣམ་པས་བརྩི་བཀུར་མ་ཞུས་པར་མཁྲེགས་འཛིན་བྱས་པ་ལ་བརྟེན་ནས་ལྷག་པའི་རྩ་བ་ནས་མི་དགོས་པའི་དཀའ་རྙོག་ཅིག་རེད། དེ་ལྟ་བུའི་འཕེལ་རིམ་ནི་སྔ་ལྟས་བཟང་པོ་ཞིག་མིན་ཁར། དེ་ནི་ཧ་ཅང་ངོ་གནོང་དགོས་པའི་གནད་དོན་ཞིག་ཡིན་པ་མ་ཟད། ང་ཚོ་ཚང་མས་དོ་ཁུར་ཧ་ཅང་ཆེན་པོ་བྱེད་པའི་གནད་དོན་ཞིག་ཀྱང་རེད། དཀའ་རྙོག་དེ་འདྲ་ཞིག་ལ་ངོས་འཛིན་དང་དུས་ཐོག་ཏུ་ལེགས་བཅོས་མ་བྱས་ན། ང་ཚོའི་དམངས་གཙོར་ཚོད་དཔག་བྱེད་ཐབས་བྲལ་བའི་གནོད་འཚེ་བཟོ་སྲིད། ངས་བལྟས་ན་ང་ཚོའི་དམངས་གཙོར་གནོད་འཚེ་ཕོག་ཚར་ཡོད། གལ་ཏེ་གཏོར་བརླག་དེ་རིགས་ལ་རྣམ་དཔྱོད་ལྡན་པའི་སྒོ་ནས་དུས་ཐོག་ཉམས་གསོ་བྱེད་མ་ཐུབ་ན། དེས་ང་ཚོའི་དམངས་གཙོ་འདི་བཞིན་རིམ་པས་འཇིག་འགོ་བཙུགས་པ་རེད་བསམ་གྱི་ཡོད།

བཅའ་ཁྲིམས་ནི་ང་ཚོ་བོད་མིའི་སྒྲིག་འཛུགས་ཀྱི་སྲ་ཚུགས་པའི་རྨང་གཞིའི་རྒྱབ་རྟེན་དེ་ཡིན། དེ་ནི་ང་ཚོ་བཙན་བྱོལ་བོད་མི་རྣམས་ཀྱི་ཆིག་སྒྲིལ་དང་རེ་བའི་མིག་འབུར་གཏད་ས་མེད་དུ་མི་རུང་བ་གལ་ཆེན་ཞིག་ཀྱང་ཡིན། དེར་བརྟེན། ཆེས་མཐོའི་ཁྲིམས་ཞིབ་ཁང་དེ་ནི་ཁྲིམས་ཀྱི་དབང་བསྒྱུར་བྱེད་ནུས་པའི་ཆ་ནས་ཧ་ཅང་གལ་ཆེན་ཡིན་པ་གདོན་མི་ཟ། དེ་ཡང་ཆེས་མཐོའི་ཁྲིམས་ཞིབ་ཁང་ནི་གང་ཟག་སུ་རུང་ཞིག་གམ་ཡང་ན་དབང་འཛིན་ལས་ཁུངས་གང་ཞིག་གིས་རང་གི་འདེམས་བསྐོའི་གོ་གནས་གང་འདོད་དུ་སྤྱད་ནས་སྲིད་དབང་སྒེར་སྤྱོད་ཀྱི་ལམ་ནས་བཅའ་ཁྲིམས་ཀྱི་ནང་དོན་རྣམས་ལ་བརྩི་སྲུང་མི་བྱེད་པ་འགན་སྲུང་བྱེད་ཆེད་དུ་གལ་འགངས་ཆེན་པོ་ཡིན། དེ་ནི་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཡོད་པའི་འགན་དབང་གལ་ཆེན་དེར་ཚོད་བགམ་བྱེད་བཞིན་པ་ངོ་འཕྲོད་ཐུབ་པ་དགོས། སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་དང་སྤྱི་འཐུས་རྒྱུན་ལས་གཞན་རྣམ་པས་རང་ཉིད་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱུན་གཏན་དུ་བསྐུར་བའི་ལས་དོན་བྱེད་ཕྱོགས་ཀྱི་དབྱེ་མཚམས་ཚང་མ་ཁྲིམས་དང་མི་མཐུན་པའི་སྒོ་ནས་འགལ་ཡོད། དེས་མ་ཚད་ཁོང་ཚོས་ཁྲིམས་ཞིབ་པ་རྣམ་པས་མཚན་འདོན་ཞུས་ཏེ་དགྲ་དགའ་གཉེན་སྡུག་གི་མཇུག་འབྲས་ཡོང་གཞིའི་ལས་ཀ་བྱེད་ཀྱི་ཡོད་པའི་ཁག་གཡོག་དང་སྡིག་ར་བསྐུལ་ནས་སྐྱོན་འཛུགས་ཀྱིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་མཚན་མཐོང་ལ་དམའ་འབེབས་ཀྱང་བྱེད་རྩིས་བྱས་ཡོད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཆེས་རྩུབ་པའི་དམག་འཐབ་བྱེད་སྐབས་ཀྱི་བཤད་སྟངས་ལྟ་བུའི་ཐོག་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམ་པའི་མཚན་འདོན་བྱས་པ་འདིས་ཁོང་ཚོར་གུས་ཞབས་གཏན་ནས་མེད་པ་མཚོན་གྱི་ཡོད། ངས་གཤམ་གསལ་གྱི་རྒྱུ་མཚན་ཁག་དྲངས་པའི་སྒོ་ནས་སྤྱི་འཐུས་ཚོགས་གཙོ་དང་རྒྱུན་ལས་རྣམས་ཀྱི་གནང་བབ་ལ་སྐྱོན་བརྗོད་བྱེད་རྒྱུ་ཡིན།

༡། སྤྱི་འཐུས་རྒྱུན་ལས་ཀྱིས་ཐག་གཅོད་དེ་ཁྲིམས་འགལ་ཡིན།

བཅའ་ཁྲིམས་ཀྱི་ལེའུ་དང་དོན་ཚན་གང་གི་ནང་དུ་ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱུན་ལས་ཚོགས་ཏེ་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་ “ཕར་འགྱངས་་(Postpone)” གཏོང་དབང་གི་ཆ་རྐྱེན་གཅིག་ཀྱང་གསལ་མེད། དེ་ལྟར་བྱེད་པ་ནི་བཅའ་ཁྲིམས་ལ་ཇི་བཞིན་བརྩི་བཀུར་མ་ཞུས་པ་མ་ཟད་ཁྲིམས་འགལ་ཡང་ཆགས་ཡོད། དེ་ཡང་སྟབས་མི་ལེགས་པ་ཞིག་ལ་དེ་ནི་ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༡༣ ཉིན་སྤྱི་འཐུས་རྒྱུན་ལས་ཚོགས་འདུའི་ཐོག་བྱུང་བའི་གནས་ཚུལ་ཞིག་རེད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༡༧ ཉིན་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། “བོད་མི་མང་སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ཚོགས་ཐེངས་ ༣༢༧ ཐོག་བཀའ་བསྡུར་ཐག་གཅོད་བྱུང་དོན་ལྟར། སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༠ པ་དེ་བཞིན་ཕྱི་ལོ་ ༢༠༢༠ ཟླ་ ༩ ཚེས་ ༡༦ རེས་གཟའ་ལྷག་པ་ནས་ཚེས་ ༢༤ རེས་གཟའ་ཕུར་བུ་བར་ལས་དུས་ཉིན་གྲངས་བརྒྱད་རིང་འཚོགས་རྒྱུའི་གསལ་བསྒྲགས་སྤེལ་ཡོད་ཀྱང་གཏན་འབེབས་དུས་ཚོད་ཐོག་འཚོགས་མི་དགོས་པར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༦ དང་། དོན་ཚན་ ༤༩ པའི་ནང་གསེས་ ༢ པའི་དགོངས་དོན་ལྟར་ཕྱི་ལོ་ ༢༠༢༡ ཟླ་ ༣ པའི་བར་འཕར་འགྱངས་གནང་བ་ཡིན།” ཞེས་གསུངས་ཡོད། འདི་ནི་སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ཐེངས་ ༣༢༧ པས་བཅའ་ཁྲིམས་དང་འགལ་བའི་བྱ་སྤྱོད་ཅིག་རེད།

༢། བཅའ་ཁྲིམས་ཀྱི་ནང་གྲོས་ཚོགས་ཚོགས་དུས་ཆ་ཚང་གཅིག་འཕར་འགྱངས་ (Postpone)གཏོང་རྒྱུའི་ཆ་རྐྱེན་མེད།

ང་ཚོའི་བཅའ་ཁྲིམས་ཀྱིས་ཚོགས་དུས་འགྲོ་བཞིན་པ་ཞིག་གི་ནང་སྤྱི་འཐུས་ཉུང་མཐའི་གྲངས་ཚད་ལོངས་ཆེད་ཁོ་ནའི་ཆེད་ཚོགས་འདུ་འཕར་འགྱངས་ (adjourn) བྱེད་རྒྱུའི་ཆ་རྐྱེན་གསལ་ཡོད། དངོས་ཡོད་དང་ཁྲིམས་ཐོག་གཉིས་ཀ་གང་གི་ཐོག་ནས་བལྟས་ནའང་གྲོས་ཚོགས་ཚོགས་དུས་འགྲོ་བཞིན་པ་མ་ཡིན་པ་ཞིག་འཕར་འགྱངས་གཏོང་རྒྱུ་ནི་བཅའ་ཁྲིམས་ཀྱི་འོག་ནས་ཡོང་མི་སྲིད་པ་ཞིག་རེད། དེ་འདྲ་ཡིན་དུས། གནས་ཡོད་མི་སྣའམ་ལྷན་ཚོགས་ཞིག་གིས་དེ་ལྟར་བྱས་པ་ནི་བཅའ་ཁྲིམས་ཀྱི་རྒྱ་ལས་བརྒལ་བར་སོང་ཁྲིམས་འགལ་ཆགས་ཀྱི་ཡོད། འོན་ཀྱང་ཁྲིམས་འགལ་གྱི་བྱེད་བབ་དེ་ནི་སྤྱི་འཐུས་རྒྱུན་ལས་ཀྱི་གོང་ཞུས་ལྷན་ཚོགས་ནང་བྱུང་ཡོད།

༣། བཅའ་ཁྲིམས་དོན་ཚན་ཞེ་དགུ་པ་ལྟར་ན། སྤྱི་འཐུས་ཚོགས་གཙོར་གྲོས་ཚོགས་ཚོགས་དུས་ཆ་ཚང་འཕར་འགྱངས་གཏོང་དབང་མེད།

སྤྱི་འཐུས་ལྷན་ཚོགས་ཀྱི་གསལ་བསྒྲགས་ནང་ཚོགས་གཙོར་གྲོས་ཚོགས་ཚོགས་དུས་ཤིག་འཕར་འགྱངས་གཏོང་དབང་ཡོད་པ་བརྗོད་ཡོད། བརྗོད་བབ་དེ་ནི་གཞི་འཛིན་ས་མེད་ལ་ཡང་དག་ཅིག་ཀྱང་མ་རེད། བཅའ་ཁྲིམས་དོན་ཚན་ཞེ་དགུ་པའི་ནང་གསེས་(༢) པའི་ནང་། “སྤྱི་འཐུས་ཉུང་མཐའི་གྲངས་ཚད་མ་ལོངས་པར་ཚོགས་འདུ་ཉིན་གྲངས་བདུན་ལྷག་འཕར་འགྱངས་བྱེད་དགོས་བྱུང་ན་ཚོགས་གཙོ་སྦྲེལ་པོས་ཚོགས་འདུ་འཕར་འགྱངས་ཀྱི་ཐག་གཅོད་བྱ་རྒྱུ།” ཞེས་གཏན་འབེབས་བྱས་ཡོད། བཅའ་ཁྲིམས་དང་དེ་འབྲེལ་ཁྲིམས་སྒྲིག་ཁག་ལ་ཆ་རྒྱུས་ཡོད་པའི་མི་སུ་ཞིག་ཡིན་རུང་། བཅའ་ཁྲིམས་དོན་ཚན་ཞེ་དགུ་པའི་དམིགས་ཡུལ་དང་དགོས་པ་རྒྱུ་མཚན་ནི། ཚོགས་དུས་འགྲོ་བཞིན་པ་ཞིག་གི་ནང་སྤྱི་འཐུས་ཉུང་མཐའི་གྲངས་ཚད་མ་ལོངས་ཚེ། ཚོགས་དུས་དེ་རང་གི་ཉིན་གྲངས་རྗེས་མ་ཞིག་ལ་དགོས་ངེས་ཀྱི་ཉུང་མཐའི་གྲངས་ཚད་ལོངས་ཆེད་ཁོ་ནའི་ཆེད་དུ་ཚོགས་འདུ་འཕར་འགྱངས་བྱེད་ཆོག་པ་གཏན་འབེབས་བྱས་ཡོད། དེས་ན། བཅའ་ཁྲིམས་དོན་ཚན་ ༤༩(༢) པའི་དགོངས་དོན་དང་དམིགས་ཡུལ་ནི། གྲོས་ཚོགས་ཚོགས་དུས་འགྲོ་བཞིན་པ་ཞིག་མིན་ན། ཚོགས་གཙོ་སྦྲེལ་པོར་ཚོགས་དུས་ཤིག་ཆ་ཚང་འཕར་འགྱངས་བྱེད་པའི་དབང་ཆ་སྤྲད་མེད། བཅའ་ཁྲིམས་ཀྱི་དགོངས་དོན་དང་དེའི་དམིགས་ཡུལ་ལས་གཞན་པ་ཞིག་ཡིན་ཁུལ་བྱེད་པ་ནི་གཞི་འཛིན་ས་མེད་པ་དང་མགོ་སྐོར་བསླུ་བྲིད་བྱེད་པ་ཞིག་ལ་མ་འདས།

༤། བཅའ་ཁྲིམས་ཀྱི་ནང་གྲོས་ཚོགས་ཀྱི་ཚོགས་འདུ་སོ་སོར་དགོས་ངེས་ཚོགས་མིའི་་ཉུང་མཐའི་གྲངས་ཚད་ཇི་དགོས་གང་ཡང་གསལ་མེད།

སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་དང་སྤྱི་འཐུས་རྒྱུན་ལས་ཀྱིས་གྲོས་ཚོགས་ཚོགས་དུས་བཅུ་པ་འཕར་འགྱངས་བྱེད་རྒྱུའི་ཐག་གཅོད་བྱས་ཡོད། དེ་ཡང་རྒྱ་ནག་ཝུའུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ ༡༩ རྐྱེན་པས་ད་ཡོད་གནས་སྟངས་རྒྱུ་མཚན་དུ་བྱས་ནས་ཉུང་མཐའི་གྲངས་ཚད་ཕལ་ཆེར་མི་ལོངས་པའི་མངོན་དཔག་ལ་གཞི་བཅོལ་ཡོད། བཅའ་ཁྲིམས་ནང་ཉུང་མཐའི་གྲངས་ཚད་ཇི་དགོས་གང་ཡང་གསལ་མེད་སྟབས། གྲོས་ཚོགས་འཐུས་མི་བཅུའམ་བཅུ་གཅིག་ལྟ་བུ་ཁ་གྲངས་ག་ཚོད་ཅིག་འཛོམས་ཐུབ་མིན་ལ་མ་ལྟོས་པར་སྔོན་ལ་ཚོགས་འདུ་ཞིག་བསྐོང་འཚོགས་གནང་དགོས་པ་ཆགས་ཡོད། དཔེར་ན། ད་ལྟའི་དུས་སྐབས་འདི་འདྲའི་འོག་ལ་འཛམ་གླིང་ས་ཕྱོགས་གང་སར་གྲོས་ཚོགས་ཀྱི་ཚོགས་གཙོ་ཐེ་བའི་འཐུས་མི་ཁ་ཤས་ལས་ཚོགས་ཞུགས་མ་ཐུབ་པར་བརྟེན་གྲོས་ཚོགས་རྭ་བ་ཧ་ལམ་སྟོང་པའི་རྣམ་པའི་འོག་གྲོས་ཚོགས་ཀྱི་ལས་རིམ་འགྲོ་བཞིན་པའི་གནས་སྟངས་སྤྱིར་བཏང་ལྟ་བུ་ཞིག་ཏུ་གྱུར་ཡོད་པ་མངོན་གསལ་ཡིན། ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༡༣ ཉིན་གྱི་སྤྱི་འཐུས་རྒྱུན་ལས་བཅུ་གཅིག་མཉམ་ཞུགས་གནང་བའི་ལྷན་ཚོགས་ཐེངས་ ༣༢༧ པ་སྐོང་འཚོགས་བྱེད་པར་འགོག་རྐྱེན་ཆེ་རིགས་གང་ཡང་འཕྲད་མེད་པ་གསལ་པོ་རེད། གལ་ཏེ་དེ་ལྟར་ཡིན་པ་དང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་མནོ་བསམ་ཡག་པོ་ཞིག་བཞེས་ཡོད་ན། གོང་ཞུས་རྒྱུན་ལས་རྣམས་དང་རྡ་ས་ཁུལ་དུ་བཅའ་བཞུགས་སྤྱི་འཐུས་ཇི་ཡོད་རྣམས་མཉམ་ཞུགས་ཀྱིས་གྲོས་ཚོགས་ཚོགས་དུས་བཅུ་པ་དེ་བཞིན་བསྐོང་རྒྱུར་དཀའ་ངལ་མེད་པ་དང་དངོས་ཡོད་གནས་སྟངས་དང་འཚམས་པ་ཞིག་ཀྱང་ཡིན། ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྔོན་འགྲོའི་ལས་རིམ་རེ་ཞིག་གྲུབ་མཚམས། ཚོགས་གཙོས་ཆུ་ཚོད་རེ་གཉིས་ཀྱི་ནང་གྲོས་ཚོགས་ཀྱི་ཚོགས་དུས་དེ་བཞིན་དུས་ཚོད་ངེས་མེད་ཀྱི་བར་འཕར་འགྱངས་གནང་ན། བཅའ་ཁྲིམས་ཀྱི་དགོངས་དོན་དང་ཁྲིམས་མཐུན་གྱི་འོག་ནས་གྲོས་ཚོགས་ཚོགས་དུས་རྗེས་མ་དེ་བཞིན་ཟླ་བ་དྲུག་ནང་ཚུད་ཚོགས་སྐོང་གནང་ཆོག་པ་ཆགས་ཡོད། འོན་ཀྱང་སྤྱི་འཐུས་རྒྱུན་ལས་ཀྱིས་རྙོག་འཛིངས་མེད་པའི་ཐབས་ལམ་ཞིག་འཚོལ་རྩིས་མ་བྱས་པར། དམངས་གཙོའི་རྒྱལ་ཁབ་གཞན་རྣམས་ཀྱིས་བཅའ་ཁྲིམས་ཀྱི་སྲུང་སྐྱོབ་བྱེད་མཁན་དང་གཞི་རྩའི་ཐོབ་ཐང་སོགས་སྲུང་སྐྱོབ་བྱེད་མཁན་དུ་ངོས་འཛིན་བྱེད་པའི་གལ་ཆེའི་སྒྲིག་འཛུགས་ཤིག་ལ་དམའ་འབེབས་གཏོང་རྒྱུའི་གདམ་ག་བྱས་ཡོད།

༥། ཆེས་མཐོའི་ཁྲིམས་ཞིབ་ཁང་ནི་བཅའ་ཁྲིམས་ཀྱི་བདག་སྲུང་བ་དེ་ཡིན་པའི་ཆ་ནས་རང་འགུལ་གྱིས་ལས་དོན་བྱེད་ཆོག

སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་དབུས་པས་རྒྱུན་ལས་རྣམ་པ་དང་། ལྷག་པར་དུ་མདོ་སྨད་སྤྱི་འཐུས་རྒྱུན་ལས་ཤིག་གིས་བཅའ་ཁྲིམས་དོན་ཚན་ ༦༨ པ་དང་། དོན་ཚན་ ༥ པའི་ཐོག་ལ་ནོར་འཁྲུལ་གྱི་འདོད་ཚུལ་བཏོན་ཡོད། དེ་ཡང་ཁོང་ཚོས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་སུས་ཀྱང་ཞུ་གཏུགས་རིགས་མི་དགོས་པའི་གནས་སྟངས་འོག་ཁྲིམས་ཀྱི་དབང་བསྒྱུར་བེད་སྤྱོད་བྱེད་ཆོག་པ་དང་། དེ་བཞིན་སྤྱི་འཐུས་རྒྱུན་ལས་ཀྱིས་གྲོས་ཚོགས་ཚོགས་དུས་བཅུ་པ་འཕར་འགྱངས་ཀྱི་ཐག་གཅོད་བརྩི་མེད་གཏོང་བའི་ཁྲིམས་ཀྱི་ཆ་རྐྱེན་མེད་པ་བརྗོད་ཀྱི་ཡོད། འོན་ཀྱང་། རྒྱུ་མཚན་དང་པོ་བརྗོད་རྒྱུར། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་འོས་འདེམས་བྱས་པའི་འགོ་འཁྲིད་ལ་རྩིས་སྤྲོད་གནང་བ་ནས་བཟུང་བཅའ་ཁྲིམས་དོན་ཚན་ ༦༨ པ་བསྐྱར་བཅོས་ཀྱིས་ཕྱིར་བསྡུ་བྱས་ཡོད། དེར་བརྟེན་དོན་ཚན་འདི་སྐོར་ད་ལྟ་གླེང་སློང་བྱེད་པས་ཕན་ཐོགས་མེད།

གཉིས་པ། སྤྱི་འཐུས་ཚོགས་གཙོ་དང་སྤྱི་འཐུས་རྒྱུན་ལས་ཁ་ཤས་ནི་ང་ཚོའི་གྲོས་ཚོགས་ཀྱི་ནང་འཐུས་མི་ཡུན་རིང་གནང་མྱོང་མཁན་ཤ་སྟག་ཡིན། ལོ་མང་པོ་དེ་འདྲ་བསྟུད་ནས་ཉམས་མྱོང་ཡོད་པར་སོང་ཁོང་ཚོས་བཅའ་ཁྲིམས་ཀྱི་དོན་ཚན་ཁག་གི་དགོངས་དོན་ལ་གོ་བ་ཇི་ལྟར་ལེན་དགོས་པ་མཁྱེན་དགོས་ཚོད་རེད། བློ་ཕམ་པ་ཞིག་ལ་དེ་འདྲའི་རེ་བ་བྱེད་རྒྱུ་ནི་དོན་དངོས་དང་མི་མཐུན་པ་ཞིག་ཏུ་སྣང་། བཅའ་ཁྲིམས་དོན་ཚན་ ༥ པའི་ནང་གསེས་ (༡) པོ་དགོངས་དོན། ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཁྲིམས་ལུགས་དང༌། ཆབ་སྲིད་དབང་འཛིན་གྱི་བཀའ། སྒྲིག་གཞི་བཅས་གང་ཡང་བཅའ་ཁྲིམས་འདིའི་དོན་ཚན་གང་རུང་དང་འགལ་ཚེ་འགལ་བའི་ཆ་དེ་རྩ་འཛིན་མེད་པ་བྱ་རྒྱུའི་དབང་ཆ་སྤྲད་ཡོད། དེར་བརྟེན་ད་རེས་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་རང་ཉིད་བཅའ་ཁྲིམས་ཀྱི་བདག་སྲུང་བ་ཡིན་པའི་རྒྱུ་མཚན་གྱིས་དེ་མཚུངས་ཐག་གཅོད་གནང་ཡོད།  དེ་ཡང་བཅའ་ཁྲིམས་དོན་ ༦༦ (༢) དགོངས་དོན་ཁྲིམས་འཛིན་ཞིབ་བཤེར་ (judicial review) དང་འགྲེལ་བརྗོད་བྱེད་རྒྱུའི་དབང་ཚད་ལ་གཞི་བཅོལ་ནས་གནང་བ་ཞིག་རེད།

དེ་བཞིན་དོན་ཚན་ ༥ པས་སྔོན་འགྲོའི་ཆ་རྐྱེན་གང་ཡང་ (དཔེར་ན་ ཞུ་སྦྱོར་བ་ complainant) གཏན་འབེབས་བྱས་མེད་པ་དེ་གནད་འགག་ཞིག་ཏུ་ངོས་འཛིན་བྱེད་དགོས། དཔེར་ན། ཞུ་སྦྱོར་བ་ཞིག་གིས་བཅའ་ཁྲིམས་དོན་ཚན་ ༥ པའི་ཆ་རྐྱེན་འོག་ནས་ལག་བསྟར་ཡོང་བ་ཞུས་པ་ལྟ་བུ་རེད། ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཞུ་གཏུགས་བྱེད་མཁན་མི་དགོས་པར་རང་འགུལ་གྱིས་ཐག་གཅོད་བྱེད་དབང་ཡོད། ཞུ་གཏུགས་བྱེད་མཁན་མི་དགོས་པར་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་རང་འགུལ་གྱིས་ཁྲིམས་སྒྲིག་ལག་བསྟར་བྱེད་དབང་ཡོད་པ་ནི་རྒྱུན་ལྡན་གྱི་གནས་སྟངས་ཤིག་ཡིན། དཔེར་ན། ལག་ནཱའོ་རུ་ཡོད་པའི་ཨིལ་ལཧཱ་བཱད་ཆེས་མཐོའི་ཁྲིམས་ཁང་གིས་ཕྱི་ཟླ་ ༡༠ ཚེས་ ༡ ཉིན་ཧཱ་ཐྲ་སི་(རྒྱ་གར་གྱི་མངའ་སྡེ་ཨུ་ཏར་པྲ་དེཤ་ཡི་རྫོང་ཞིག་གི་ནང་བུ་མོ་ལོ་ ༡༩ཅན་ཞིག་ལ་སྡེབ་རུབ་ཀྱིས་བཙན་གཡེམ་བྱས་ཐོག་མི་སྤྱོད་ལས་འདས་པའི་བྱ་སྤྱོད་སྤེལ་ནས་བུ་མོ་དེ་རྐྱེན་ལམ་དུ་སོང་ཡོད།)ཡི་དོན་རྐྱེན་ཐོག་ལ་སུས་ཀྱང་ཞུ་གཏུགས་བྱས་མེད་ནའང་ཁྲིམས་ཀྱི་བཀའ་རྒྱ་བཏང་ཡོད། དེ་ཡང་ཧཱ་ཐྲ་སི་རྫོང་དཔོན་དང་སྤྱི་ཁྱབ་ཉེན་རྟོག་པ་ཙམ་མིན་པར། མངའ་སྡེའི་ནང་སྲིད་ལྷན་ཁང་གི་དྲུང་ཆེའི་ལས་རོགས་(ACS)དང་། མངའ་སྡེའི་ཉེན་རྟོག་འགོ་གཙོ་(DGP) མངའ་སྡེའི་ཁྲིམས་སྒྲིག་དང་བདེ་འཇགས་འགན་འཁུར་བ་ཉེན་རྟོག་འགོ་གཙོའི་ལས་རོགས་(ADG)བཅས་ཐེ་བའི་མངའ་གཞུང་གི་ཆེས་མཐོའི་གཞུང་ཞབས་པ་མང་པོ་ཞིག་ཕྱི་ཟླ་ ༡༠ པའི་ཚེས་ ༡༢ ནང་ཚུན་དང་ལེན་དགོས་པའི་བཀའ་འགུག་གི་བཀའ་རྒྱ་ཞིག་བཏང་ཡོད། དཔོན་རིགས་འདི་དག་གིས་ཞུ་གཏུགས་བྱེད་མཁན་མེད་པའི་རྒྱུ་མཚན་དུ་བྱས་ནས་ཁྲིམས་ཁང་གི་བཀའ་རྒྱ་ལ་བརྩི་སྲུང་མི་བྱེད་པའི་གནས་སྟངས་ཤིག་ལྷག་མེད། དེ་འདྲ་ཡིན་དུས། བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ངོས་ནས་ཞུ་གཏུགས་བྱེད་མཁན་མེད་ནའང་དགོས་ངེས་སུ་གྱུར་སྐབས་རང་འགུལ་གྱིས་ཁྲིམས་དོན་བཀའ་ཁྱབ་བཏང་བ་དེར་སུ་ཡང་ཧ་ལས་ཧོན་ཐོར་དགོས་པའི་གནད་དོན་ཞིག་གཏན་ནས་མིན། གཞན་ཡང་ང་ཚོས་ཤེས་དགོས་པ་ཞིག་ལ། དེ་སྔ་ ༢༠༡༩ ལོར་བཀའ་བློན་ཞིག་འོས་འདོན་དང་དེ་འབྲེལ་གནད་དོན་བྱུང་སྐབས། དེ་ལ་སུས་ཀྱང་ཞུ་གཏུགས་བྱེད་མཁན་མེད་ནའང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ངོས་ནས་དམ་འབུལ་ངོས་བཞེས་མ་གནང་བའི་ཐད་ལ་སུས་ཀྱང་དོགས་འདྲི་བྱས་པ་བྱུང་མེད།

༦། བཅའ་ཁྲིམས་དོན་ཚན་ལྔ་པའི་དགོངས་དོན་འོག་གླེང་གཞི་ཡོང་སྟངས།

དོན་དངོས་སུ་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བཅའ་ཁྲིམས་དོན་ཚན་ ༥ པའི་དགོངས་དོན་འོག་བཏང་བའི་བཀའ་ཁྱབ་དེར་སུ་རུང་ཞིག་གིས་རྩོད་གླེང་མ་བྱས་པའི་བར་དེའི་ཐོག་གླེང་གཞི་ཡོང་མི་དགོས་པ་ཆགས་ཡོད། གལ་སྲིད་སུ་རུང་ཞིག་གིས་བཀའ་ཁྱབ་དེར་རྩོད་གླེང་བྱས་ཚེ་བཅའ་ཁྲིམས་དོན་ཚན་ ༥ པའི་ནང་གསེས་ ༢ པ་དེ་གཞི་ནས་ལག་བསྟར་བྱེད་དགོས་ཆགས་ཡོད། གནས་ཚུལ་དེ་རིགས་མ་ཐོན་བར་ཁྲིམས་སམ་སྲོལ་ཡིག་གང་ཞིག་ཡིན་རུང་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་རྩིས་མེད་ཡིན་པའི་བཀའ་ཁྱབ་དེ་ཁྲིམས་མཐུན་ཆགས་ཡོད། སྤྱི་འཐུས་ཚོགས་གཙོའམ་རྒྱུན་ལས་ཚོ་ཕྱི་ལ་ཐོན་ནས་བཀའ་ཁྱབ་དེར་གདོང་ལེན་བྱེད་ཆོག་གི་ཡོད། གལ་ཏེ་དེ་ལྟར་བྱས་ཚེ། གཞི་ནས་བཅའ་ཁྲིམས་དོན་ཚན་ ༥ པའི་ནང་གསེས་ ༢ པ་གཞིར་བཞག་རྩོད་གླེང་ཡོང་རྒྱུ་རེད། འོན་ཀྱང་རྩོད་གཞི་དེ་རིགས་ཐག་གཅོད་བྱེད་པའི་དབང་ཆ་དེ་ནི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་རང་ཆས་སུ་གཏོགས་པ་ཞིག་ཡིན་པ་དང་། སྤྱི་འཐུས་ཀྱི་རྒྱུན་ལས་ཚོས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཐག་གཅོད་བྱེད་དབང་དེར་རྩོད་གླེང་བྱེད་མི་རུང་།

༧། ཆེས་མཐོའི་ཁྲིམས་ཞིབ་ཁང་མ་གཏོགས་གཞན་སུ་ལའང་བཅའ་ཁྲིམས་ཀྱི་ཆ་རྐྱེན་ཁག་ལ་འགྲེལ་བཤད་བྱེད་དབང་མེད།

བཅའ་ཁྲིམས་དོན་ཚན་ ༦༦ པའི་ནང་གསེས་ ༢(ཀ) པས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཚིག་དོན་འགྲེལ་བརྗོད་བྱེད་ཕྱོགས་ལ་བརྟེན་པའི་རྩོད་གླེང་རིགས་དང་འབྲེལ་བའི་གྱོད་དོན་ཞིབ་གཅོད་བྱེད་དབང་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཡོད་པ་གཏན་འབེབས་བྱས་ཡོད། བཅའ་ཁྲིམས་ཀྱི་དོན་ཚན་གལ་ཆེན་དེར་གཞིགས་ན། བཅའ་ཁྲིམས་ཀྱི་དོན་ཚན་འགྲེལ་བརྗོད་གནང་རྒྱུའི་མཐའ་མའི་ཐག་གཅོད་བྱེད་དབང་དེ་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཡོད། སྤྱི་འཐུས་ཚོགས་གཙོ་དང་། རྒྱུན་ལས། དེ་བཞིན་མདོ་སྨད་ཀྱི་སྤྱི་འཐུས་ཤིག་བཅས་ཀྱིས་སོ་སོའི་ཁེ་ཕན་དང་འབྲེལ་ནས་བཅའ་ཁྲིམས་ཀྱི་དགོངས་དོན་ལ་འགྲེལ་བརྗོད་བྱེད་དབང་གཏན་ནས་མེད། ཁོང་ཚོས་འདི་ལྟར་བྱས་པ་དེས་སྔར་མ་གྲགས་པའི་ཉེན་ཁ་ཤིན་ཏུ་ཆེ་བའི་སྔོན་དཔེ་ཞིག་བསྐྲུན་ཡོད་པར་སོང་ཙང་ང་ཚོ་ཚང་མས་ངེས་པར་དུ་དེར་སེམས་ཁུར་ཆེན་པོ་བྱེད་པ་མ་ཟད་རྒོལ་གཏམ་གསལ་པོ་གཏོང་དགོས།

ཀུན་བཟང་བསྟན་འཛིན་ནི་དིལླི་གཙུག་ལག་སློབ་གཉེར་ཁང་ནས་གཙུག་ལག་རབ་འབྱམས་པའི་ལག་འཁྱེར་བླངས་ཡོད་པ་དང་། དིལླི་ས་གནས་བོད་ཀྱི་གཞོན་ནུའི་གསར་འཕྲིན་དུས་དེབ་མདུན་བསྐྱོད་ (The March)  ཅེས་པའི་རྩོམ་སྒྲིག་པ། ནིའུ་དིལླིར་རྟེན་གཞི་བྱས་པའི་རྒྱ་གར་རྒྱལ་ཡོངས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཟུང་འབྲེལ་དྲུང་ཆེ། བོད་མིའི་ཚོང་པའི་ལྷན་ཚོགས་ཀྱི་སློབ་སྟོན་པ། དིལླིར་རྟེན་གཞི་བྱས་པའི་ན་གཞོན་ནུས་སྤེལ་ལས་གཞིའི་ (Empowering the Vision) གསར་འཛུགས་གནང་མཁན་དང་ཚོགས་གཙོ། ཁེ་ན་ཌའི་གངས་ལྗོངས་ཆོས་ལྡན་གླིང་དང་ཨོན་ཊེ་རིའོ་ཡི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་བཅས་གནང་མྱོང་ཡོད།

མཆན། གོང་གསལ་བསམ་ཚུལ་རྩོམ་ཡིག་དེ་ནི་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་ལྟ་བ་ལངས་ཕྱོགས་ཡིན་པས་མ་ཁྱབ།

བསྐྱར་བཅོས།: ༢༠༢༠/༡༠/༡༤

Leave a Reply

7 thoughts on “གངས་ཅན་སྐྱིད་གཤོངས་ནང་རྩ་ཁྲིམས་དང་མི་མཐུན་པའི་འགག་མཚམས་ཤིག་ཏུ་གྱུར་བ།

  1. བསྟན་པ་འགོ་ནས་ཤིག་ཟེར་བ་བདེན་པ་རེད། དང་པོ་སྲིད་སྐྱོང་བློ་བཟང་སངས་རྒྱས་གཙོས་བཀའ་ཤག ད་སྤྱི་འཐུས། དེ་ནས་རིམ་པས་མི་མང་། ད་མི་མང་ལ་མིག་དཔེ་གང་འདྲ་ངན་པ་སྟོན་སོང་།

  2. ཆབ་མདོ་ངག་ཕུན།

    བཙན་བྱོལ་བོད་མིའི་བཅའ་ཁྲིམས། དོན་ཚན་ང་བརྒྱད་པ། སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་ལ་ཁྲིམས་ཞིབ་རྩད་གཅོད་མི་ཆོག་པ།
    ནང་གསེས། ༡༽ སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་གང་ཞིག་ཚད་ལྡན་ཡིན་མིན་དང་ཐག་གཅོད་བྱེད་ཕྱོགས་ལྷན་ཚོགས་ཀྱི་སྒྲིག་གཞི་དང་མཐུན་མིན་ལ་བསྙད་དེ་ཁྲིམས་ཞིབ་ཁང་ནས་རྩད་གཅོད་མི་ཆོག །ཅེས་བཀོད་འདུག་ན་འདི་ལ་འགྲེལ་བཤད་གང་འདྲ་ཞིག་གནང་གི་ཡོད་ན། མང་པོ་ཞིག་ལ་དྲིས་རུང་བློ་ཁ་ཁེངས་པ་འགྲེལ་བཤད་གནང་མཁན་ཞིག་རྙེད་མ་སོང་བས། དེ་རིང་བསྐྱར་དུ་དྲིས་ཡོད། ང་ནི་མགོ་ཐོམ་སོང་།

    1. འགྲེལ་བཤད་ངོ་མ་དེ་དགོས་ན། འགན་དབང་ཆ་ཚང་ཆེས་མཐོའི་ཁྲིམས་ཞིབ་ཁང་ཡོད་པས་དེར་དྲིས་ན་ཏག་ཏག་རེད།

    2. འདི་ལ་དཀའ་ངལ་ག་རེ་འདུག་། དང་པོ་ “སྤྱི་འཐུས་ལྷན་ཚོགས་” ཞེས་པའི་ཚིག་ཚོགས་འདི་ལ་དོ་སྣང་གནང་དང། ད་རེའི་རྒྱུན་ལས་ཚོགས་འདུ་ཚོགས་ནས་གྲོས་ཚོགས་ཕར་འགྱང་བྱེད་པའི་ཚོགསའདུ་དེ་སྤྱི་འྠུས་ལྷན་ཚོགས་ཀྱི་ཚོགས་འདུ་མ་རེད་པ་། གཉིས་པ་དོ་སྣང་གནང་དགོས་པ་དེ་ནི་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་བྱེད་ཕྱོགས་དང་ཐག་གཅོད་བྱེད་ཕྱོགས་ལ་ཁྲིམས་ཞིབ་ལྷན་ནས་རྩད་གཅོད་གང་ཡང་གནང་མེད། གནང་ཕྱོགས་ཞེས་པའི་ཚིག་འདི་དོན་དག་དང་སྣད་ཁག་གཟིགས་ནས་བཅའ་ཁྲིམས་ནད་བྲིས་པ་རེད། སྤྱི་འཐུས་རྒྱུན་ལས་ནས་སྤྱི་འཐུས་ལྷན་ཚོགས་མ་ཚོགས་པར་ལྷན་ཚོགས་ཀྱི་མིང་བེད་སྤྱད་ནས་ཐག་གཅོད་གནང་བའི་ཐག་གཅོད་དེ་ཉིད་བཅའ་ཁྲིམས་འགལ་བའི་གནས་བབས་ལ་གཟིགས་ནས་བཀག་སྡོམ་གནང་བ་རེད། ་དེ་བཅའ་ཁྲིམས་དང་མཐུན་པ་རེད་ལ་དགོས་གལ་ཡང་རེད།།།

      1. ཆབ་མདོ་ངག་ཕུན།

        འདི་ལ་དཀའ་ངལ་ག་རེ་འདུག་ཅེས་ཚིག་ཐག་གཅོད་པས་གསུངས་འདུག་རུང་། གང་ལྟར་དཀའ་ངལ་ཡོད་ནས་རྩོད་གླེང་འདི་ཡོང་གི་ཡོད་རེད་སྙམ། གང་ལྟར་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་ལ་ཁྲིམས་ཞིབ་རྩད་གཅོད་མི་ཆོག་པ་ཟེར་བ་སོགས་ཡོད་དུས་དཀའ་ངལ་ཞིག་མ་རེད་དམ། ཁྲིམས་ཞིབ་ཁང་གིས་བརྩད་གཅོད་གནང་ནས་སྤྱི་འཐུས་རྒྱུན་ལས་ཀྱི་གནང་སྟངས་དེ་འགྲིགས་མི་འདུག །བཅའ་ཁྲིམས་དང་འགལ་འདུག་ཟེར་ནས་བཅད་ཁྲ་བཏང་བ་ཞིག་མ་རེད་དམ།

  3. བསོད་ནམས་རྒྱལ་མཚན།

    ང་ཚོ་བོད་ཀྱི་དཔེ་ལ་་་ བསྟན་པ་སྒང་ནས་ཤིག དཔེ་ལྟར། དང་པོ་བློ་བཟང་སེང་གེའི་ རྩ་ཁྲིམས་ལ་བརྩི་སྲུང་མ་བྱས་པ་རེད། དེ་ནས་ལམ་ཀ་ཆགས་སོང་བ་རེད། ད་ཟབ་ཟབ་མ་བྱེད་ན་ ལུག་ཡ་ཉེན་ཁ་ཡོད།