རྒྱ་ནག་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ཚོགས་མིར་བདམས་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མིའི་ཁྲོད་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཡག་པོ་མེད་པའི་རྒྱལ་ཁབ་ཁག་ཅིག་འདེམས་ཐོན་བྱུང་ཡོད་འདུག

ཁ་སང་ཕྱི་ཚེས་ ༡༣ ཉིན།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་འདུ་དང་འབྲེལ། ལྷན་ཚོགས་ཀྱི་ཚོགས་མིའི་རྐུབ་སྟེགས་ ༤༧ ཡོད་པ་ལས་རྐུབ་སྟེགས་ ༡༥ ཡི་ཐོག་ཏུ་འོས་བསྡུ་བྱས་པ་བརྒྱུད། རྒྱལ་སྤྱིའི་སྟེང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཧ་ཅང་སྐྱོ་བའི་རྒྱ་ནག་དང་ཨུ་རུ་སུ། ཁོ་བྷ། པ་ཀི་སི་ཐན་སོགས་བདམ་ཐོན་བྱུང་ཡོད་པ་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་སོགས་ཀྱིས་གནད་དོན་དེར་སྐྱོན་བརྗོད་ཤུགས་ཆེར་བྱེད་བཞིན་ཡོད་པ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྟེ་གནས་ཇི་ནི་ཝ་(Geneva)རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གི་འགན་འཛིན་སྐུ་ཞབས་ཧེ་ལིལ་ནེ་ཨོར(Hillel Neuer)ལགས་ནས། དེ་རིང་ནི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་ནག་ཅིག་ཡིན་པའི་སྐྱོན་བརྗོད་བྱས་འདུག

ཐེངས་འདིའི་འོས་བསྡུའི་ཁྲོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་  ༡༩༣ ནས་གསང་བའི་འོས་བསྡུ་བརྒྱུད། དབྱིན་ཡུལ་དང་ཧྥ་རན་སི། ཁོ་བྷ(Cuba)། གྷ་བྷོན(Gabon)། ཨུ་ཝེ་རེ་ཁོ་སི་ཊི(Ivory Coast)། མཱ་ལཱ་ཝེ(Malawi)། མེག་སི་ཁོ། བལ་ཡུལ། པ་ཀི་སི་ཐན། ཨ་རུ་སུ། ཡུ་ཁི་རེ། ཨུ་ཛི་བྷེ་ཀི་སི་ཐན། རྒྱ་ནག་དང་སི་ནེ་གྷི(Senegal)སོགས་རྒྱལ་ཁབ་ ༡༤ བདམས་ཐོན་བྱུང་ཡོད་པ་དང་། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་ཚོགས་ཁོངས་ནས་རྐུབ་སྟེགས་སྟོང་པ་ ༤ ཡི་སྟེང་། རྒྱ་ནག་དང་སོ་ཌི་ཨ་རབ། པ་ཀི་སི་ཐན། ཨུ་ཛི་བྷེ་ཀི་སི་ཐན(Uzbekistan)། བལ་ཡུལ་བཅས་ཀྱི་བར་འོས་འགྲན་བྱས་ཏེ། པ་ཀི་སི་ཐན་ལ་འོས་གྲངས་ ༡༦༩ དང་ཨུ་ཛི་བྷ་ཀི་སི་ཐན་ལ་ ༡༦༤། བལ་ཡུལ་ལ་ ༡༥༠། རྒྱ་ནག་ལ་༡༣༩། སོ་ཌི་ཨ་རབ་ལ་འོས་གྲངས་ ༩༠ བཅས་སོ་ཌི་ཨ་རབ་གཅིག་པུ་མ་གཏོགས་ཚང་མ་བདམས་ཡོད་འདུག

ཉེ་སྔོན་ནས་བཟུང་རྒྱ་ནག་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནང་མི་འདེམས་པའི་ཐད། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་མང་པོས་ངོ་རྒོལ་ལས་འགུལ་ཤུགས་ཆེན་པོ་སྤེལ་བཞིན་ཡོད་པ་ལྟར། ཕྱི་ཚེས་ ༡༣ ཉིན་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་། དེ་བཞིན། བོད་དོན་ཞུ་གཏུགས་མཉམ་འབྲེལ་ཚོགས་པ་བཅས་ནས། རྒྱལ་ཚོགས་ཀྱི་འཐུས་མི་རྒྱལ་ཁབ་ཁག་ནས་རྒྱ་ནག་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནང་འོས་འདེམས་བྱས་པར་སྐྱོན་བརྗོད་དང་སྦྲགས། རྒྱ་ནག་གིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་སྒྲིག་གཞི་ཁག་ལ་ཁྱད་གསོད་བཏང་དང་གཏོང་བཞིན་ཡོད་པའི་ཁར། ད་རེས་སླར་ཡང་འོས་འདེམས་བྱས་པ་དེས། རྒྱ་ནག་ནས་བོད་མི་དང་ཡུ་གུར། རྒྱ་རིགས། ཧོང་ཀོང་དང་ནང་སོག་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་སྔར་ལྷག་གིས་རྡོག་རོལ་གཏོང་གཞི་ཞིག་ཆགས་ཡོད། འོན་ཀྱང་། ད་རེས་རྒྱ་ནག་ལ་འོས་ལྡུག་མཁན་བརྒྱ་ཆ་ ༣༠ མ་གཏོགས་མེད་པ་དེས་རྒྱལ་སྤྱིའི་སྟེང་རྒྱ་ནག་ནས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་ཁ་གཏད་གཅོག་གི་ཡོད་པའི་རྣམ་པ་ཞིག་ཆགས་ཡོད་སྐོར་སོགས་བརྗོད་ཡོད་འདུག

དེ་བཞིན་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་སློན་དཔོན་ཀེ་ཝན་རྗོན་(Kevin Jon Heller)ལགས་ནས། ཐེངས་འདིར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནང་། འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་ལོ་རྒྱུས་ཡག་པོ་མེད་པའི་རྒྱལ་ཁབ་ཁག་འདེམས་ཐོན་བྱུང་བ་དེ་ནི་བློ་ཕམ་འོས་པ་ཞིག་དང་། དེ་ནི་རྒྱལ་ཁབ་ཕན་ཚུན་བར་གསང་བའི་ཐོག་ནས་གྲོས་མཐུན་བཞག་པའི་གྲུབ་འབྲས་ལས་བྱུང་གི་ཡོད་པ་དང་། གནད་དོན་དེ་རིགས་འགོག་ཐབས་གང་ཡང་མེད་པ་མ་ཟད་འོས་བསྡུའི་སྐབས་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་གཞི་བཅོལ་བའི་དཔང་རྟགས་གང་ཡང་མེད་པ་དང་། གང་ལྟར་ཐེངས་འདིར་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་སྐྱོ་བོ་ཡིན་པའི་རྒྱལ་ཁབ་ཁག་འདེམས་ཐོན་བྱུང་བ་དེས། རྒྱལ་ཁབ་དེ་དག་གིས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་རྒྱུ་ལས་འགན་ཆགས་ཡོད་སྟབས། བཟང་ཕྱོགས་ལ་འགྱུར་བ་འགྲོ་མི་སྲིད་པ་མིན་སྐོར་བརྗོད་འདུག

ཉེ་སྔོན་འགྲོ་མིའི་ཐོབ་ཐང་གི་ཚོགས་སྡེ་ཁག་ཚུད་པའི་མཉམ་འབྲེལ་བོད་དོན་རྒྱབ་སྐྱོར་ཚོགས་པ་ ༡༠༠ ལྷག་གིས་རྒྱལ་ཚོགས་ཀྱི་གྲོས་ཚོགས་ལ་འབོད་སྐུལ་ཞུས་ཏེ། སི་རེ་ཡ་ཕུད་པའི་བོད་ནི་འཛམ་གླིང་གི་ཆེས་དྲམ་དྲགས་ཆེ་སའི་རྒྱལ་ཁབ་ཅིག་ཆགས་ཡོད་པ་ལུང་འདྲེན་དང་འབྲེལ་ནས། རྒྱ་ནག་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནང་ཡོང་བར་རྒྱབ་སྐྱོར་འོས་ཤོག་མི་བླུགས་པའི་རེ་སྐུལ་གྱི་ཡོངས་ཁྱབ་ཞུ་ཡིག་ཅིག་བཏང་ཡོད་ཁར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སྐབས་སུ། ཨ་རི་དང་ཉི་ཧོང་། ཡུ་རོབ་མཐུན་ཚོགས་ཀྱི་རྒྱལ་ཁབ་མང་ཆེ་བ་ཞིག དེ་བཞིན་ཁེ་ན་ཌ། ཧེ་ཀྲི ཧུན་ཌོ་ར་སེ ཨོ་སི་ཀྲོ་ལི་ཡ། ནིའུ་ཛི་ལན་ཌ་སོགས་ཚུད་པའི་རྒྱལ་ཁབ་ ༣༩ ཡིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐོག་སྐྱོན་བརྗོད་བྱས་ཡོད་པ་རེད།

གསར་འགོད་པ།སྐལ་བཟང་སྦྱིན་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༡༠/༡༤

Leave a Reply