ཇིང་གིར་རྒྱལ་པོའི་ལོ་རྒྱུས་འགྲེམ་སྟོན་མཚམས་འཇོག་བྱེད་དུ་བཅུག

ཧྥ་རན་སིའི་ནང་སོག་པོའི་རྒྱལ་པོ་ཇིང་གིར་གྱི་ལོ་རྒྱུས་འགྲེམ་སྟོན་བྱེད་པར་རྒྱ་ནག་གཞུང་གིས་ནང་སྲིད་ལ་ཐེ་གཏོགས་བྱེད་ཀྱི་ཡོད་པའི་གནོན་ཤུགས་སྤྲད་དེ་མཚམས་འཇོག་དགོས་ཁེལ་འདུགདེ་རིང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན།  ཧྥ་རན་སིའི་ (Château des ducs de Bretagne)འགྲེམ་སྟོན་ཁང་དང་། རྒྱ་ནག་གི་གྲོང་ཁྱེར་(Hohhot)རུ་ཡོད་པའི་ནང་སོག་འགྲེམ་སྟོན་ཁང་གཉིས་མཉམ་འབྲེལ་ཐོག   ཧྥ་རན་སིའི་ནང་དུས་རབས་བཅུ་གསུམ་པའི་ནང་བྱུང་བའི་སོག་པོའི་རྒྱལ་པོ་ཇིན་གིར་(Genghis Khan)གྱི་ལོ་རྒྱུས་འགྲེམ་སྟོན་ཞིག་འཚོག་འཆར་ཡོད་ཀྱང་། རྒྱ་ནག་གཞུང་གི་གནོན་ཤུགས་འོག་འགྲེམ་སྟོན་མཚམས་འཇོག་དགོས་བྱུང་ཡོད་སྟབས།  ཧྥ་རན་སིའི་འགྲེམ་སྟོན་ཁང་དེས། རྒྱ་ནག་གཞུང་གིས་ནང་སོག་མི་རིགས་ཐོག་དྲག་གནོན་སྲིད་བྱུས་སྤེལ་བཞིན་ཡོད་པའི་སྐྱོན་བརྗོད་བྱས་འདུག

འགྲེམ་སྟོན་ཁང་དེའི་འགན་འཛིན་བྷར་ཊི་རན་ཌི་(Bertrand Guillet)ལགས་ཀྱིས། ང་ཚོས་མིར་བརྩི་བཀུར་དང་བདེན་པ། དེ་བཞིན། ཀུན་སྤྱོད་བཅས་སྲུང་སྐྱོབ་ཀྱི་ཐོག་ནས་འགྲེམ་སྟོན་མཚམས་འཇོག་བྱས་པ་ཡིན། ཞེས་བརྗོད་ཡོད་པ་དང་། རྒྱ་ནག་གཞུང་གིས་འགྲེམ་སྟོན་སྐབས་ཇིང་གིར་རྒྱལ་པོ་དང་སོག་པོ་ཟེར་བའི་མིང་ཚིག་སོགས་འགྲེམ་སྟོན་བྱེད་མི་ཆོག་པ་མ་ཟད། འགྲེམ་སྟོན་གྱི་ངོ་སྤྲོད་དེབ་ཆུང་དང་ནང་དོན་ལོ་རྒྱུས། ས་ཁྲ་སོགས་ཀྱི་འགན་དབང་ཚང་མ་རྒྱ་ནག་ལ་རྩིས་སྤྲོད་ཀྱིས་ནང་དོན་ཡོངས་རྫོགས་བརྗེ་བོ་རྒྱག་དགོས་ཡོད་སྐོར་བརྗོད་འདུག ཉེ་སྔོན་རྒྱ་ནག་གཞུང་གིས་ནང་སོག་རང་སྐྱོང་ལྗོངས་ནང་སློབ་གྲྭ་ཁག་ནང་རྒྱ་བསྒྱུར་སྲིད་བྱུས་ལག་བསྟར་བྱས་པ་དང་འབྲེལ། ནང་སོག་གི་སྐད་ཡིག་ཐོབ་ཐང་སྲུང་སྐྱོབ་སླད་མི་མང་ནས་ངོ་རྒོལ་ལས་འགུལ་ཤུགས་ཆེན་སྤེལ་བར་བརྟེན། ནང་སོག་གི་ཁྱིམ་བདག་དང་སློབ་ཕྲུག་མང་པོ་སློབ་གྲྭར་མ་ཕྱིན་པར་ངོ་རྒོལ་བྱས་ཡོད་པ་དང་། སློབ་ཆེན་ཁག་ཅིག་ནང་དགེ་སློབ་སྟོང་ཕྲག་མང་པོ་འཛོམས་ཏེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པར་བརྟེན། ཞི་རྒོལ་བ་ ༥༠༠༠ ལྷག་འཛིན་བཟུང་བྱས་པ་དང་། མི་ཁག་གིས་རང་སྲོག་བཅད་པའི་གནས་ཚུལ་ཐོན་ཡོད་པ་དང་། སྐབས་དེར་ནང་སོག་འགྲོ་བ་མིའི་ཐོབ་ཐང་ལྟེ་གནས་ཁང་གཙོས་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་ཁག་ནས་རྒྱ་ནག་ལ་སྐྱོན་བརྗོད་མང་པོ་བྱས་ཡོད་པ་རེད།

རྒྱ་ནག་ནང་མི་འབོར་མང་དྲག་པ་དང་ས་ཞིང་སོགས་ཀྱི་ཐོན་ཁུངས་ཉུང་དྲག་པའི་དཀའ་ངལ་ཆེན་པོ་བྱུང་བར་བརྟེན། དུས་རབས་བཅུ་དགུ་པའི་ནང་རྒྱ་རིགས་སྟོང་ཕྲག་མང་པོ་ནང་སོག་གམ་ལྷོ་སོག་ཏུ་ཕྱིན་ཏེ་ས་ཞིང་འདེབས་ལས་བྱས་ཡོད་པ་དང་། ཕྱི་ལོ་ ༡༩༤༧ ལོར་རྒྱ་ནག་དམར་ཤོག་ཚོགས་པས་ནང་སོག་ལ་དབང་བསྒྱུར་གྱིས་ཐོག་མར་ནང་སོག་རང་སྐྱོང་ལྗོངས་ཟེར་བ་བཙུགས་ཡོད་པ་དང་། ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ས་ཡ་ ༡ ལྷག་ཡོད་པའི་ནང་སོག་དེ་རྒྱ་ནག་གི་དབང་སྒྱུར་འོག་ཚུད་པའི་གྲངས་ཉུང་མི་རིགས་ཀྱི་ས་ཁྱོན་ཆེ་ཤོས་ཨང་གསུམ་པ་དེ་ཆགས་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༡༠/༡༤

Leave a Reply