གཞིས་ཆགས་ནང་ས་ཁང་དགོས་མཁན་ཚོར་ས་ཁང་གནང་རྒྱུ་ཡིན་འདུག

བོད་ནས་གསར་དུ་འབྱོར་མཁན་སོགས་སྡོད་གནས་ཀྱི་དཀའ་ངལ་ཅན་ཚོར་བོད་མིའི་སྒྲིག་འཛུགས་ནས་སྡོད་མཁན་མེད་པའི་དཀའ་ངལ་ཡོང་བཞིན་པའི་གཞིས་ཆགས་ཁག་ཅིག་ནང་ས་ཁང་མཁོ་སྤྲོད་གནང་རྒྱུ་ཡིན་འདུག

ཁ་སང་ཕྱི་ཚེས་ ༡༣ ཉིན། བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་ཡོངས་ཁྱབ་གསལ་བསྒྲགས་ཤིག་གནང་སྟེ། ཧི་མ་ཅལ་མངའ་སྡེ་གཞུང་ནས་ཡུལ་མི་མ་གཏོགས་ས་ཆ་ཉོ་ཚོང་མི་ཆོག་པའི་ཁྲིམས་ཡིག་གཏན་འབེབ་གནང་ཡོད་པ་དང་། དེ་བཞིན་གསར་དུ་རྒྱག་འཆར་ཡོད་པའི་གཞིས་ཁང་གི་རོགས་དངུལ་ཐབས་འཚོལ་ལ་འགོག་རྐྱེན་འཕྲད་པར་བརྟེན། རྒྱ་གར་ལྷོ་ཕྱོགས་ཧོན་སུར་རབ་རྒྱས་གླིང་དང༌། ཨོ་ཌི་ཤ་ཕུན་ཚོགས་གླིང་། མན་སྤར་ཕན་བདེ་གླིང་། སྦན་ད་ར་ནོར་རྒྱས་གླིང་། ཏི་རྫུ་དར་རྒྱས་གླིང་། མེའོ་ཆོས་འཕེལ་གླིང་། བསྟན་འཛིན་སྒང་བཅས་གང་རུང་ནང་དུད་ཚང་གི་མི་འབོར་ལ་གཞིགས་ནས་གཞིས་ཁང་མཁོ་སྤྲོད་དང་། ཉམས་གསོའི་དངུལ་འོས་འཚམ་རེར་དགོངས་བཞེས་གནང་རྒྱུ་ཡིན་སྐོར་གསུངས་འདུག

བཀའ་ཤག་གི་གསལ་བསྒྲགས་དེའི་ནང་། བོད་མིའི་གཞིས་ཆགས་ཁག་ཅིག་གི་གཞིས་མི་རྣམས་ཕྱི་ལ་གཏན་ཐོན་བྱས་པ་རྣམས་ཀྱི་ས་ཞིང་རྣམས་ལོ་བསྟུད་མར་བེད་མེད་དུ་བཞག་ཚེ་གཞུང་བཞེས་ཆགས་ཉེན་དང་། གཞིས་ཆགས་ཁག་སྲ་བརྟན་ཡོང་ཐབས་གཙོ་བོར་གཞིས་མི་གཏན་སྡོད་བྱེད་མཁན་ཡོད་མེད་ཀྱི་གནས་བབས་ལ་ཐུག་ཡོད་སྟབས། གཞིས་ཆགས་ཁག་གི་གཞིས་ཁང་སྟོང་པ་དེ་དག་བེད་སྤྱོད་བྱེད་དགོས་པའི་རྒྱུ་མཚན་གནད་འགག་གཟིགས་ཀྱི་ཡོད་ན། ཁྱབ་ཁོངས་ཁ་འཐོར་གནས་སྡོད་དང་བོད་ནས་གསར་དུ་ཕེབས་པའི་རང་རིགས་སྤུན་ཟླ་རྣམས་ཧོན་སུར་རབ་རྒྱས་གླིང་དང༌། ཨོ་ཌི་ཤ་ཕུན་ཚོགས་གླིང་། མན་སྤར་ཕན་བདེ་གླིང་། སྦན་ད་ར་ནོར་རྒྱས་གླིང་། ཏི་རྫུ་དར་རྒྱས་གླིང་། མེའོ་ཆོས་འཕེལ་གླིང་། བསྟན་འཛིན་སྒང་བཅས་གང་རུང་དུ་གཞིས་ཁང་སྟོང་ལྷག་ཡོད་པ་དེ་དག་ཏུ་གཞིས་ཁང་བདེ་སྡུག་ཞུ་མཁན་བྱུང་ཚེ། དུད་ཚང་སོ་སོའི་མི་འབོར་ལ་གཞིགས་པའི་གཞིས་ཁང་དང་ཉམས་གསོའི་དངུལ་འབོར་འོས་འཚམ་ཞིག་བོད་མིའི་སྒྲིག་འཛུགས་ནས་དགོངས་བཞེས་གནང་རྒྱུ་ཡིན། ཞེས་གསུངས་འདུག

བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་སྐབས་ ༡༤ དང་ ༡༥ པའི་ངོས་ནས་བོད་ནས་གསར་དུ་འབྱོར་བའི་བོད་མི་ཚོར་ཆེད་དུ་དམིགས་ཏེ། ད་བར་ཧི་མ་ཅཱལ་ནང་སྦིར་ལི་ལི་གྲོང་ཚོ་དང༌། སྦེལ་ཀོབ་གཞིས་གྲོང་བདུན་པ། དེ་བཞིན་བདེ་སྐྱིད་གླིང་གི་ཉེ་འགྲམ་དུ་དགེ་འཕེལ་གླིང་སོགས་གསར་རྒྱག་གནང་སྟེ་བགོ་བཤའ་བརྒྱབ་ཚར་ཡོད་པ་དང་། དྷ་རམ་ས་ལ་སོགས་ནས་ཀྱང་གསར་འབྱོར་ཚོས་གཞིས་ཁང་མཁོ་སྤྲོད་ཡོང་བའི་སྙན་ཞུ་རིམ་པར་ཕུལ་ཡོད་ཀྱང་། ད་ལན་གྱི་གསལ་བསྒྲགས་ནང་། ད་ཆ་ཧི་མཱ་ཅལ་མངའ་སྡེ་གཞུང་གིས་(Section 118 of the H.P. Tenancy and Land Reforms Act)ཁྲིམས་ཡིག་གཞིར་བཟུང་། ཡུལ་མི་ཡིན་ན་མ་གཏོགས་ཕྱི་མིས་མངའ་སྡེའི་ནང་ས་ཆ་ཉོ་ཚོང་རིགས་མི་ཆོག་པའི་ཁྲིམས་ཡིག་བཟོས་ཟིན་པར་སོང༌། ཧི་མཱ་ཅལ་ཁུལ་དུ་གཞིས་ཁང་གསར་རྒྱག་གི་ལས་གཞི་ལག་བསྟར་ཡོང་ཐབས་མེད་སྟབས། བོད་མིའི་སྒྲིག་འཛུགས་ནས་གཞིས་ཁང་གསར་རྒྱག་གི་ལས་གཞི་མཚམས་འཇོག་གནང་རྒྱུའི་ཐག་གཅོད་གཏན་འབེབས་གནང་བ་ཡིན། ཞེས་གསུངས་འདུག

ཡང་གསལ་བསྒྲགས་ནང་། ༧སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀྲིན་ཉག་གཅིག་ལ་བརྟེན་ནས་རང་ཅག་རྣམས་བཙན་བྱོལ་དུ་འབྱོར་མ་ཐག རྒྱ་གར་དབུས་སའི་གཞུང་ནས་ལྷོ་ཕྱོགས་གཞིས་ཆགས་ཆེ་ཁག་ལྔས་གཙོས་བྱང་ཤར་ཁུལ་དུ་ས་ཞིང་མཐུན་རྐྱེན་གནང་བ་མ་ཟད། ཐོག་མར་རྒྱ་གར་དབུས་སའི་གཞུང་ནས་གཞིས་ཁང་མཐུན་རྐྱེན་སྦྱོར་སྤྲོད་གནང་ཡོད་ནའང་། བོད་མིའི་ཁྱིམ་ཚང་རེ་ཟུང་ལ་གཞིས་སྐལ་མ་ཐོབ་པར་ཁ་འཐོར་གནས་སྡོད་བྱས་ཡོད་པ་དེ་དག་ད་ཆ་རང་བདག་སྡོད་ཁང་མེད་པའི་བདེ་སྡུག་དཀའ་སེལ་ཞུ་མཁན་བྱུང་ཡོད་སྟབས། ཕྱི་ལོ་ཆིག་སྟོང་དགུ་བརྒྱ་བརྒྱད་ཅུ་གྱ་གྲངས་སྐབས་སུ་ཁ་འཐོར་གནས་སྡོད་རྣམས་ལ་དཀའ་སེལ་ཆེད་མིང་གཞུང་བསྡུ་རུབ་ཀྱིས། རྒྱ་གར་དབུས་སའི་གཞུང་ལ་འབོད་བསྐུལ་ཞུས་དོན་ལྟར་ཁ་འཐོར་རྣམས་ཀྱི་ཆེད་བདེ་སྐྱིད་གླིང་གཞིས་ཆགས་ཉེ་འགྲམ་གྱི་གཞུང་ལམ་ཕར་ཕྱོགས་སུ་དགེ་འཕེལ་གླིང་དང༌། དེ་བཞིན་སིམ་ལ་ཁ་ར་པ་ཐར། ཌལ་ཧོར་དུ་ཚེ་རིང་ཁང་དང་སྐལ་བཟང་ཁང་བཅས་གཞིས་ཁང་གསར་རྒྱག་ཆེད་ས་ཆ་མཐུན་འགྱུར་གནང་ཡོད་ནའང་། གཞིས་ཁང་གསར་རྒྱག་གི་རོགས་དངུལ་ཐབས་འཚོལ་ལ་འགོག་རྐྱེན་འཕྲད་པར་བརྟེན་གཞིས་ཁང་གསར་རྒྱག་མི་ཐུབ་པའི་གནས་སྟངས་ཆགས་ཡོད། ཅེས་གསུངས་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༡༠/༡༤

Leave a Reply

2 thoughts on “གཞིས་ཆགས་ནང་ས་ཁང་དགོས་མཁན་ཚོར་ས་ཁང་གནང་རྒྱུ་ཡིན་འདུག

  1. གཞིས་སྡོད་བོད་རིགས་ཚོས་བོད་གཞུང་གི་རྒྱབ་སྐྱོར་འོག་མི་ལོ་ལྔ་བཅུ་ལྷག་ཅིག་འབད་བརྩོན་བྱས་ཀྱང་མཐར་ཚོ་གནས་ཀྱི་རེ་བ་བྲལ་ཏེ་གཞུང་དང་མི་དམངས་སྒེར་སོ་སོས་བསགས་བསགས་སྒྲུག་སྒྲུག་བྱས་པའི་དངུལ་དངོས་དང་མཐའ་ན་བུ་ལོན་བཟོས་པ་སོགས་ཐབས་ལམ་སྣ་ཚོགས་བཏོན་ནས་ཕྱི་གླིང་གི་ཡུལ་གྲུ་ཁག་ཏུ་ཚོ་གནས་བྱེད་དུ་མི་འགྲོ་དཀའ་མེད་དུ་གྱུར་སའི་ས་གནས་ཁག་ཅིག་ཏུ་ད་ལྟ་ཁ་འཐོར་བོད་རིགས་དང་གསར་འབྱོར་སྡོད་ཁང་གི་དཀའ་ངལ་ཡོད་པ་ཚོར་གནང་རྒྱུ་དང་ས་ཁང་དེག་དག་གི་ཉམས་གསོ་སླད་སྒྲིག་འཛུགས་ནས་དངུལ་འབོར་འོས་འཚམ་ཞིག་གནང་རྒྱུ་ཡིན་གསུངས་པ་དེ་ནི་བཀའ་ཤག་དང་ནང་སྲིད་གཉིས་ནས་དགོངས་པ་གང་ཞིག་བཞེད་ནས་གསུངས་པ་དང་བོད་མི་དེ་དག་ཅི་འདྲ་ཞིག་ལ་ངོས་འཛིན་གནང་གི་ཡོད་དམ། འོ་ན་བཀའ་ཤག་ནས་བོད་མི་དེ་དག་གིས་སྔ་ཕྱི་བར་གསུམ་དུ་འབོད་སྐུལ་ཞུས་པར་ཁག་དཀྲི་ཚུལ་དུ་ཡིན་ནམ། གང་ལྟར་བོད་མི་དེ་དག་གི་སྡོད་ཁང་གི་དཀའ་ངལ་སེལ་བར་རྡ་ས་རང་དུའང་བོད་མིའི་ཚོགས་པ་ཁག་ཅིག་གི་ས་ཁོངས་སྟོང་པ་ཡོད་པ་ཤེས་གསལ་རེད་ལ། མཐར་མར་རྡ་སར་མ་བྱུང་ནའང་དེའི་ཉེ་འཁོར་གྱི་བོད་མིའི་ས་གནས་ཀྱི་ས་ཁོངས་སྟོང་པ་ཁག་ཅིག་ཏུའང་ཁང་པ་བརྒྱབ་ཆོག་ཀྱང་། བཀའ་ཤག་ནས་གཡས་སྐོར་གཡོན་སྐོར་གྱིས་ཡིན་གཅིག་མིན་གཅིག་མཐའ་འཁོབ་ཀྱི་གནས་འདི་འདྲ་ཞིག་ཏུ་འགོ་སྒྲིག་གནང་བ་དེ་སངས་རྒྱས་གཉིས་པ་ཞིག་བྱོན་ཏེ་སྒྱུ་འཕྲུལ་གྱི་འཁོར་ལོ་བསྐོར་རྒྱུ་ཡིན་ནམ།