ཨ་རིའི་གཞུང་གིས་བོད་དོན་འབྲེལ་མཐུད་པ་བསྐོ་བཞག་གནང་བར་འཚམས་འདྲི་ཞུས།

ཨ་རིའི་རྒྱལ་སྲིད་ལྷན་ཁང་གི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། ངལ་རྩོལ་ལས་ཁུངས་ཀྱི་དྲུང་ཆེ་ལས་རོགས་སྐུ་ཞབས་རོ་བྷར་ཊི་ཨེ་ཌེ་སི་ཊོ་རོ་ (Robert A. Destro) ལགས་ཨ་རིའི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་བཞག་གནང་།ཁ་སང་ཕྱི་ཚེས་ ༡༤ ཉིན་ཨ་རིའི་རྒྱལ་སྲིད་དྲུང་ཆེ་མེག་པོམ་པེའོ་མཆོག་གིས་གསར་འགོད་གསལ་བསྒྲགས་ཤིག་གི་སྟེང་། ཨ་རིའི་རྒྱལ་སྲིད་ལྷན་ཁང་གི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། ངལ་རྩོལ་ལས་ཁུངས་ཀྱི་དྲུང་ཆེ་ལས་རོགས་ (Assistant Secretary) སྐུ་ཞབས་རོ་བྷར་ཊི་ཨེ་ཌེ་སི་ཊོ་རོ་ (Robert A. Destro) ལགས། ཨ་རིའི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་བཞག་གནང་ཡོད་བའི་གསལ་བསྒྲགས་གནང་ཡོད་པ་ལྟར། བོད་གཞུང་མང་གཉིས་ནས་དགའ་བསུ་ཞུ་བཞིན་འདུག དེ་བཞིན་ བོད་དོན་དང་འབྲེལ་བའི་ཚོགས་སྡེ་ཁག་ནས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་དེ་དྲུང་ལས་ཀྱི་གནས་རིམ་ཅན་ཞིག་ཏུ་བསྐོ་བཞག་གནང་མེད་པ་དེར་བློ་ཕམ་ཡང་གནང་གི་འདུག

ཨ་རིའི་གཞུང་གི་གསར་འགོད་གསལ་བསྒྲགས་སྟེང་། མེག་པོམ་པེའོ་མཆོག་གིས་སྐུ་ཞབས་རོ་བྷར་ཊི་ཌེ་སི་ཊོ་རོ་ལགས་ཀྱིས་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། ངལ་རྩོལ་ལས་ཁུངས་ཀྱི་དྲུང་ཆེ་ལས་རོགས་ཀྱི་ལས་འཁུར་ཞུ་མུས་ཐོག ཨ་རིའི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ལས་འཁུར་ཞུ་རྒྱུ་ཡིན་པ་རེད། ཁོང་གིས་པེ་ཅིན་དུ་ཡོད་པའི་རྒྱ་ནག་དམར་ཤོག་སྲིད་གཞུང་དང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བར་གྲོས་མོལ་ཡོང་ཐབས་དང་། དེ་བཞིན་བོད་མིའི་ཐུང་མོན་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་གི་ངོ་བོ་བཅས་སྲུང་སྐྱོབ་བྱེད་ཐབས། གཞན་ཡང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ཡང་རྒྱས་གཏོང་ཐབས་ལ་ཕྱག་ལས་གནང་རྒྱུ་རེད། ཅེས་བརྗོད་འདུག སྐུ་ཞབས་ཌེ་སི་ཊོ་རོ་ལགས་ཀྱིས་ཀྱང་གཞུང་འབྲེལ་ཊུ་ཝི་ཊར་དྲ་ལམ་སྟེང་། ང་རང་རྒྱལ་སྲིད་ལྷན་ཁང་གི་བོད་དོན་དམིགས་གསལ་སྐུ་ཚབ་ཀྱི་ལས་འཁུར་ཞུ་རྒྱུར་སྤོབས་པ་སྐྱེ་ཡི་ཡོད། ངས་བོད་མི་དང་འཛམ་གླིང་གི་མཐུན་ཚོགས་རྣམས་དང་མཉམ་རུབ་ཀྱིས་བོད་ཕྱི་ནང་གི་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་དང་གཞི་རྩའི་རང་དབང་གོང་འཕེལ་གཏོང་རྒྱུར་རེ་སྨོན་ཡོད། ཅེས་བཀོད་འདུག

འདི་གའི་གསར་འགོད་པས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་ཀརྨ་ཆོས་དབྱིངས་ལགས་སུ་གློག་འཕྲིན་བརྒྱུད། ཨ་རིའི་གཞུང་གིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་བྱུང་བའི་ཐད་བོད་མིའི་སྒྲིག་འཛུགས་ངོས་ནས་ཐུགས་རེ་ག་རེ་གནང་གི་ཡོད་མེད་དྲིས་པར། དེ་སྔ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་ཡོད་ཀྱང་། ཕྱི་ལོ་ ༢༠༡༧ ནས་བཟུང་ད་བར་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་གསར་བསྐོ་གནང་མེད།  ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༤ ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་མ་ཡི་ཀི་པོམ་པེའོ་ Mike Pompeo མཆོག་གིས། སྐུ་ཞབས་རོ་བྷེར་ཊི་ཌེ་སི་ཊི་རོ་ Robert A. Destroམཆོག་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་གཞག་གནང་བར་ངས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ད་རེས་ཨ་རིའི་གཞུང་ནས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་བར་བརྟེན། ཨ་རིའི་གཞུང་ནས་བོད་དང་བོད་མིར་སྔར་ལྟར་རྒྱབ་སྐྱོར་ཡོད་པའི་རྣམ་པ་གསལ་བཏོན་གནང་ཡོད་པ་མ་ཟད། རྒྱ་ནག་གཞུང་ལའང་བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག མི་རིགས་ཀྱི་ངོ་བོ། བོད་མིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཐད་རྒྱུན་སྐྱོང་གནང་བཞིན་ཡོད་པའི་བརྡ་ལན་ཞིག་སྤྲད་ཡོད། ང་ཚོའི་རེ་བར་དབུ་མའི་ལམ་གྱི་སྲིད་བྱུས་དགོངས་དོན་ལྟར། རྒྱ་ནག་དང་མཉམ་གྲོས་མོལ་བརྒྱུད་བོད་དོན་བདེན་མཐའ་གང་མགྱོགས་གསལ་ཐུབ་པའི་རེ་བ་བྱེད་བཞིན་ཡོད། ཅེས་གསུངས་བྱུང་།སྤྱིར་བཏང་ཨ་རིའི་བོད་དོན་ཐོག་འཛིན་པའི་སྲིད་བྱུས་ཁྲིམས་ཡིག་གཞིར་བཟུང་། བོད་དོན་དམིགས་བསལ་འབྲེལ་མཐུད་པ་དེ་ཨ་རིའི་རྒྱལ་སྲིད་ལྷན་ཁང་གི་དྲུང་ལས་ཀྱི་གནས་རིམ་ཅན་ཞིག་བསྐོ་བཞག་གནང་དགོས་ཀྱི་འདུག་ཀྱང་། ད་ལན་དྲུང་ཆེ་ཕྱག་རོགས་ཀྱི་གནས་རིམ་ཅན་ཞིག་བསྐོ་བཞག་གནང་བ་དེར་དགོངས་ཚུལ་ག་རེ་ཡོད་མེད་ཞུས་པར་ཁོང་གིས།
བོད་མིའི་སྒྲིག་འཛུགས་དང་ཨ་རིའི་གྲོས་ཚོགས་འཐུས་མི་ཁག་ཅིག་སོགས་ཀྱིས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་ཡོང་བའི་འབོད་སྐུལ་རིམ་པ་ཞུས་ཡོད་ཀྱང་། ཨ་རིའི་སྲིད་འཛིན་ཌོ་ནལ་ཌི་ཊི་རམ་ཕི་ Donald Trump མཆོག་གི་གཞུང་འཛིན་འོག་ཕྱི་ལོ་ ༢༠༡༧ ལོ་ནས་བཟུང་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་ཐུབ་མེད། ད་ལམ་གནས་རིམ་གང་ཡིན་ལ་མ་ལྟོས་པར་སྐུ་ཞབས་རོ་བྷེར་ཊི་ཌེ་སི་ཊི་རོ་ Robert A. Destro  མཆོག་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་གཞག་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཁོང་གི་ལས་དོན་མཐའ་དག་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་བྱུང་།

དེ་བཞིན་འདས་པའི་ལོ་ཤས་རིང་ནས་ཨ་རིའི་བོད་ཐོག་འཛིན་པའི་སྲིད་བྱུས་ཀྱི་ཁྲིམས་ཡིག་དགོངས་དོན་རྣམས་ལག་བསྟར་ཚགས་ཚུད་ཡོང་ཐབས་དང་། ལྷག་པར་དུ་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་ཡོང་རྒྱུར་ཨ་རིའི་གཞུང་ལ་ཞུ་འབོད་ལས་འགུལ་སྤེལ་མཁན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས། ཨ་རིའི་གཞུང་གིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་གནང་བ་དེར་དགའ་བསུ་ཞུ་རྒྱུ་ཡིན་ནའང་། དྲུང་ལས་(under secretary) ལས་དམའ་བའི་གནས་རིམ་ཅན་ཞིག་བསྐོ་བཞག་བྱས་པ་དེས། ཊོམ་ཕུ་འཛིན་སྐྱོང་ལ་ཨ་རིའི་བོད་ཐོག་འཛིན་པའི་སྲིད་བྱུས་ལག་བསྟར་བྱ་རྒྱུར་དཀའ་ཁག་ཆེ་བ་ཡོད་པ་མ་ཟད། རྒྱ་ནག་གཞུང་ལའང་ཨ་རིས་བོད་དོན་གཙིགས་ཆེར་འཛིན་གྱི་མེད་པའི་བརྡ་ལན་ནོར་བ་ཞིག་སྤྲོད་ཀྱི་ཡོད་སྐོར་བརྗོད་ཡོད་འདུག

ཨ་རིའི་གྲོས་ཚོགས་ཀྱིས་གཏན་འབེབ་གནང་བའི་ཕྱི་ལོ་ ༢༠༠༢ ལོའི་ཨ་རིའི་བོད་ཐོག་འཛིན་པའི་སྲིད་བྱུས་ (Tibet Policy act of 2002) ལག་བསྟར་བྱས་པ་ནས་བཟུང་བོད་དོན་དམིགས་བསལ་འབྲེལ་མཐུད་པ་དེ་ཨ་རིའི་རྒྱལ་སྲིད་ལྷན་ཁང་གི་དྲུང་ལས་ (Under Secretary) ཀྱི་གནས་རིམ་ཅན་ཞིག་བསྐོ་བཞག་བྱས་ཡོད་ནའང་། ཕྱི་ལོ་ ༢༠༡༧ ནས་བཟུང་ད་བར་ཊོམ་ཕུ་སྲིད་གཞུང་གིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་མེད་པར་བརྟེན། བོད་མིའི་སྒྲིག་འཛུགས་དང་བོད་དོན་རྒྱབ་སྐྱོར་བ་སོགས་ནས་སྲིད་འཛིན་ཊོམ་ཕུ་གཞུང་ལ་འབོད་སྐུལ་ཐེངས་མང་ཞུས་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༡༠/༡༥

Leave a Reply

One thought on “ཨ་རིའི་གཞུང་གིས་བོད་དོན་འབྲེལ་མཐུད་པ་བསྐོ་བཞག་གནང་བར་འཚམས་འདྲི་ཞུས།

  1. ཨ་རི་གཞུང་གིས་བོད་དོན་འབྲེལ་མཐུད་པ་བསྐོ་བཞག་གནང་བར་འཚམས་འདྲི་ཞུས། བསྐོ་བཞག་གནང་མཁན་ཁོ་རང་ཚོ། འཚམས་འདྲི་ཞུས་མཁན་ཁོ་རང་ཚོ། 😂 😂 😂 😅 བོད་གཞུང་མང་གཉིས་ནས་དགའ་བསུ་ཞུ་བཞིན་འདུག 😂 😂 😂 😅 བོད་རེ་བས་ཕུང་། 😂 😂 😂 😅 བློ་གྲོད་པ་བཀལ། གྲོད་པས་ཆུ་གློད་ཡོང་ད། 😂 😂 😂 😅 ཝི་ཏི་ནམ་ལ་སྐད་ཆ་འདྲི།