རྒྱ་ནག་དེ་ཨ་རིར་ཆེས་ཉེན་ཁ་ཆེ་བའི་རྒྱལ་ཁབ་ཏུ་ངོས་འཛིན་བྱས།

ཨ་རིའི་སྤྱི་དམངས་ཞིབ་འཇུག་ལྟེ་གནས་ཁང་ཞིག་གིས་ཆེད་མཁས་པ་དང་མི་མང་ལ་མ་འོངས་ལོ་ངོ་ ༡༠ རྗེས་སུ་ཨ་རྒྱ་གཉིས་ལས་སུ་སྟོབས་འབྱོར་ཆེ་བ་ཆགས་རྒྱུ་ཡིན་པའི་བསམ་ཚུལ་བསྡུས་པར་བརྒྱ་ཆ་ཕྱེད་ཀ་ཕྱེད་ཀ་ཆགས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༤ ཉིན། ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་ཏུ་རྟེན་གཞི་བྱས་ཡོད་པའི་ཐབས་ཇུས་དང་རྒྱལ་སྤྱིའི་ཞིབ་འཇུག་ལྟེ་གནས་(Center for Strategic and International Studies)ཁང་གིས། ཨ་རི་དང་ཡུ་རོབ། དེ་བཞིན་ཨེ་ཤ་ཡ་ཁུལ་གྱི་ཆེད་མཁས་པ་དང་མི་མང་བཅས་ལ། ཨ་རྒྱ་གཉིས་ཀྱི་འགལ་འདུ་དང་འབྲེལ་ནས་ཉམས་ཞིབ་བསམ་ཚུལ་བསྡུ་ལེན་བྱས་པར། ས་ཁུལ་དེ་དག་གི་མི་འབོར་ལྔ་ཆ་བཞི་ཡིས་ཨ་རྒྱའི་འགལ་འདུ་ལས་ཨ་རིར་རྒྱལ་ཁ་འཐོབ་རྒྱུ་དང་། རྒྱ་ནག་ནི་ཨ་རིར་ཆེས་ཉེན་ཁ་ཆེ་ཤོས་ཀྱི་རྒྱལ་ཁབ་དེ་ཡིན་པའི་བསམ་ཚུལ་གྲུབ་དོན་བཏོན་ཡོད་འདུག

གནད་དོན་དེའི་ཐད་བརྟག་ཞིབ་ཁང་དེའི་འགན་འཛིན་དང་སྐུ་ཞབས་བྷོན་ནེ་གྷི་ལའེ་སིར(Bonnie Glaser)ལགས་ཀྱིས། ཐེངས་འདིའི་ཉམས་ཞིབ་གྲུབ་དོན་ནང་ཨ་རིའི་མི་མང་ཁྲོད་རྒྱ་ནག་དང་འབྲེལ་བའི་ཨེ་ཤ་ཡའི་ལྷོ་རྒྱ་ནག་རྒྱ་མཚོ་དང་། ཐའེ་ཝན་གནད་དོན་ཐད་རྒྱབ་སྐྱོར་བྱེད་མཁན་ཤུགས་ཆེར་བྱུང་ཡོད་པ་དང་། གནད་དོན་དེ་ནི་ཨ་རིའི་མི་མང་ཁྲོད་རྒྱ་ནག་དང་འབྲེལ་བའི་བློ་འཚབ་ཆེན་པོ་ཞིག་ཆགས་བཞིན་ཡོད་པ་མ་ཟད། ཨ་རིའི་མི་མང་ཁྲོད་ཐའེ་ཝན་ལ་རྒྱབ་སྐྱོར་ཤུགས་ཆེ་རུ་འགྲོ་བཞིན་པའི་རྣམ་པ་མངོན་གསལ་ཆགས་ཀྱི་ཡོད་སྐོར་བརྗོད་འདུག

ཡིན་ན་ཡང་། བརྟག་དཔྱད་གྲུབ་དོན་དེའི་ནང་ཨ་རིའི་ཆེད་མཁས་པ་བརྒྱ་ཆ་ ༧༠ ལྷག་དང་སྤྱི་དམངས་བརྒྱ་ཆ་ ༤༠ ཡིས། ཊོམ་ཕུ་སྲིད་གཞུང་གིས་རྒྱ་ནག་ལ་སྒོ་ཁྲལ་དང་། འཇིགས་སྐུལ་གྱི་ཐབས་ལ་བརྟེན་ནས་རྒྱ་ནག་གི་དཔལ་འབྱོར་ལམ་ལུགས་ལ་ཁ་གཏད་གཅོག་གི་ཡོད་པ་དེས།  ཨ་རི་ལ་ཁེ་ཕན་མེད་པ་མ་ཟད། ཨ་རིའི་དཔལ་འབྱོར་ལ་དོ་ཕོག་དང་གནོད་འཚེ་ཡོང་གི་ཡོད་པའི་བསམ་ཚུལ་བསླེབས་པ་མ་ཟད། མ་འོངས་ལོ་ངོ་ ༡༠ རྗེས་སུ་རྒྱལ་ཁབ་གཉིས་ལས་སུ་ཞིག་སྟོབས་ཤུགས་ཆེན་པོ་ཆགས་རྒྱུ་ཡིན་པའི་སྐད་ཆ་དྲིས་པར། བསམ་ཚུལ་བསྡུ་ལེན་གྱི་གྲུབ་དོན་བརྒྱ་ཆ་ཕྱེད་ཀ་ཕྱེད་ཀ་ཆགས་ཡོད་འདུག

ཞིབ་འཇུག་སྡེ་ཚན་དེའི་རྒྱ་ནག་དང་འབྲེལ་བའི་ཚོང་ལས་དང་དཔལ་འབྱོར་འགན་འཛིན་སྐུ་ཞབས་སི་ཁོ་ཊི་ཁཱན་ནེ་དྷེ(Scott Kennedy)ཡིས། ཨ་རི་དང་ས་ཁུལ་གཞན་གྱི་རྒྱལ་ཁབ་ཚོས་རྒྱ་ནག་འཛམ་གླིང་གི་ཚོང་རའི་ལམ་ལུགས་ནང་རང་དབང་གིས་ཞུགས་བཅུག་རྒྱུའི་བསམ་བློར་འགྱུར་བ་ཐེབས་ཡོད་པ་དང་། དོན་དངོས་སུ་ང་ཚོས་རྒྱ་ནག་དེ་བཞིན་རྒྱལ་སྤྱིའི་རང་བཞིན་གྱི་ལམ་ལུགས་རྗེས་སུ་འཇུག་འདོད་ལས། རྒྱ་ནག་ལ་རྒྱལ་སྤྱིའི་དཔལ་འབྱོར་ལམ་ལུགས་ནང་མུ་མཐུད་ཁེ་ཕན་གྱི་རོལ་རྩེད་རྩེ་བཅུག་འདོད་མེད་སྐོར་བརྗོད་འདུག

ཐེངས་འདིའི་ཞིབ་འཇུག་ཁྲོད་ཨ་རི་དང་ཡུ་རོབ། ཨེ་ཤ་ཡ་ཁུལ་གྱི་ཆེད་མཁས་མི་སྣ་དང་། ཤེས་ཡོན་པ། འགྲོ་བ་མིའི་ཐོབ་ཐང་ཚོགས་པ། རྒྱལ་སྲུང་བདེ་འཇགས་ཉམས་ཞིབ་པ། ཚོང་ལས་པ། མི་མང་དཀྱུས་མ་སོགས་ལས་རིགས་སྣ་ཚོགས་ཁྲོད་ཀྱི་མི་སྣ་མང་པོར་སྐད་ཆ་དྲིས་ཡོད་པ་དང་། ལྷག་པར་དུ་ཨ་རིའི་ནང་འདི་ལོའི་ཕྱི་ཟླ་ ༨ ནས་མགོ་བཙུགས་ཏེ་ཆེད་མཁས་པ་ ༤༤༠ ལྷག་དང་མི་མང་དཀྱུས་པ་ ༡༠༠༠ ལྷག་གི་བསམ་ཚུལ་བསྡུ་ལེན་བྱས་པར། སྤྱིའི་ཆ་ནས་ཨ་རིའི་མི་མང་ཁྲོད་རྒྱ་ནག་དང་རྒྱ་ནག་གི་མགོ་འཁྲིད་ཚོར་ལྟ་སྟངས་ངན་ཕྱོགས་སུ་ཤུགས་ཆེར་སོང་ཡོད་པ་མ་ཟད། རྒྱ་ནག་གིས་ཏོག་ནད་ཁྱབ་གདལ་བཏང་བའི་རྐྱེན་གྱིས་རྒྱ་ནག་དེ་འཛམ་གླིང་ཡོངས་ཀྱི་ཉེན་ཁ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པའི་བསམ་ཚུལ་བྱུང་།

རྒྱལ་སྤྱིའི་ནང་མི་མང་རང་བཞིན་གྱི་བསམ་ཚུལ་གྲུབ་དོན་བཏོན་པ་ལས། རྒྱ་ནག་ལ་རྒྱལ་སྤྱིའི་སྟེང་ལྟ་སྟངས་ངན་པ་ཡོང་གི་ཡོད་པའི་གནས་ཚུལ་འདི་གཅིག་པུ་ཙམ་མ་ཡིན་པར། ཉེ་སྔོན་ཕྱི་ཟླ་ ༡༠ ཟླ་མགོར་ཨ་རིའི་པེའོ(Pew Research Centre)ཉམས་ཞིབ་ལྟེ་གནས་ཁང་གིས། ཨ་རི་དང་ཨོ་གླིང། ཉི་ཧོང་། དབྱིན་ཡུལ། ཧྥ་རན་སི་དང་འཇར་མན་སོགས་ཨེ་ཤ་ཡ་དང་ཡུ་རོབ། ལྷོ་བྱང་ཨ་མི་རི་ཁའི་རྒྱལ་ཁབ་ ༤༠ ལྷག་གི་མི་མང་ ༡༤༢༧༦ ལྷག་པ་རྒྱ་ནག་དང་འབྲེལ་བའི་བསམ་ཚུལ་བསྡུ་ལེན་བྱས་པར། རྒྱ་ནག་གིས་འདི་ལོའི་ལོ་མགོ་ནས་འཛམ་གླིང་ཡོངས་སུ་ཏོག་ནད་ཁྱབ་གདལ་བཏང་བ་མ་ཟད། མངའ་ཁུལ་བདག་དབང་སྐྱ་བསྐྱེད་སོགས་ཀྱི་རྐྱེན་གྱིས། རྒྱལ་སྤྱིའི་སྟེང་རྒྱ་ནག་དང་ཞི་ཅིན་ཕིན་ལ་མི་དགའ་མཁན་དང་། རྒྱ་ནག་དང་མཉམ་འབྲེལ་བྱེད་པར་ཡིད་ཆེས་མེད་པའི་བསམ་ཚུལ་ཤུགས་ཆེར་ཡོང་གི་ཡོད་པའི་སྙན་ཐོ་བཏོན་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༡༠/༡༥

Leave a Reply