ད་བར་དུ་བཙན་བྱོལ་བོད་མི་ ༢༥ ཏོག་དབྱིབས་གཉན་རིམས་ཀྱིས་འདས་གྲོངས་སུ་ཕྱིན།

རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ཀྱིས་རྒྱ་བལ་འབྲུག་གསུམ་གཙོ་བོར་གྱུར་བའི་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་བཙན་བྱོལ་བོད་མི་ ༢༥ འདས་གྲོངས་སུ་ཕྱིན་ཡོད་འདུགརྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ཀྱི་གདན་ས་འབྲས་སྤུངས་དང་དགའ་ལྡན་གཉིས་ཀྱི་དགེ་འདུན་པ་བརྒྱ་སྐོར་ལ་ཏོག་དབྱིབས་ནད་རྟགས་ཐོན་པ་དང་། དེ་བཞིན་གཞིས་ཆགས་ནང་ལའང་ནད་རྟགས་ཅན་གང་ཙམ་ཐོན་པར་བརྟེན། དེ་རིང་ཕྱི་ཟླ་༡༠ ཚེས་༡༥ ནས་བཟུང་དུས་ཡུན་བདུན་ཕྲག་གཉིས་རིང་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ཀྱི་གཞིས་གྲོང་དང་དགོན་སྡེ་ཁག་ཏུ་ཕྱི་ནང་འགྲོ་འོང་བཀག་སྡོམ་གནང་གི་འདུག

དེ་ཡང་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་མཁན་རིིན་པོ་ཆེ་བློ་བཟང་བསམ་གཏན་ལགས་ཀྱིས་འདི་གའི་གསར་འགོད་པར་གསུངས་པ་ལྟར་ན། ཟླ་བ་འདིའི་ཕྱི་ཚེས་༢ ཉིིན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་དགེ་འདུན་པ་གཉིས་ལ་ཏོག་དབྱིབས་ནད་རྟགས་ཐོན་རྗེས། གྲྭ་ཚང་དེའི་དགེ་འདུན་པ་སྤྱི་ཡོངས་ལ་བརྟག་དཔྱད་གནང་བ་བརྒྱུད། ཁ་སང་ཕྱི་ཚེས་ ༡༤ བར་དགུང་ལོ་ ༡༠ ནས་ ༦༣ བར་གྱི་ཁྱོན་དགེ་འདུན་པ་ཞལ་གྲངས་ ༢༤༩ ལ་ཏོག་དབྱིབས་ནད་རྟགས་ཐོན་པ་དང་། དེའི་ནང་ནས་དགེ་འདུན་གྲངས་ ༡༢༢ དྲག་སྐྱེད་ཟིན་ཏེ། ད་ལྟའི་ཆར་ནད་པ་ ༡༢༧ ཡོད་ཀྱང་ཛ་དྲག་ནད་པ་གཅིག་ཀྱང་མེད་པ་དང་། སྦག་སའི་གནས་བརྟན་བགྲེས་སོང་རྣམ་པར་ནད་ཡམས་འགོས་མེད་འདུག

མཁན་རིན་པོ་ཆེ་མཆོག་གིས། ད་ལྟའི་ཆར་དྲག་སྐྱེས་བྱུང་ཟིིན་པ་དང་ནད་གཞི་ཡོད་མཁན་ཚང་མ་མུ་མཐུད་དུ་ཟུར་བཀག་འོག་བཞག་ཡོད་པ་དང་། སྤྱི་པའི་ཐབ་ཚང་གནས་སྐབས་སྒོ་བརྒྱབ་སྟེ་དགོན་པའི་གླིང་ནང་ཕར་ཚུར་འགྲོ་སྐྱོད་མི་ཆོག་པ་དང་། གྲྭ་ཚང་གི་ངོས་ནས་དགེ་འདུན་པ་ཚང་མར་གསོལ་དོད་ཕུལ་བ་དང་། སྨན་བཅོས་སོགས་ཀྱི་མཐུན་རྐྱེན་གང་དགོས་གྲྭ་ཚང་ནས་རིན་མེད་ནར་གཏོང་གནང་གི་ཡོད་ལ། ད་དུང་དགེ་འདུན་པ་སྤྱི་ཡོངས་ལ་བརྟག་དཔྱད་རིམ་པ་གཉིས་པ་ཞིག་ཀྱང་གནང་རྒྱུ་ཡིན་སྐོར་གསུངས་བྱུང་། སྤྱིར་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་ལ་ཁྱོན་དགེ་འདུན་ཞལ་གྲངས་༣༠༠༠ ཙམ་ཡོད་པ་ནས་ ༢༠༠ ལྷག་ཙམ་གྲྭ་ཚང་གི་ལས་དོན་འདྲ་མིན་ཆེད་ཕྱི་ཕྱོགས་ལ་བཞུགས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༡༢ ནས་མོན་གྷོ་བོད་མིའི་འཕྲོད་བསྟེན་སྨན་ཁང་དུ་བརྟག་དཔྱད་གནང་ཡོད་པ་ལྟར། འཕྲོད་བསྟེན་སྨན་ཁང་གི་ཕྱི་ལུགས་སྨན་པ་དོན་གྲུབ་ལགས་ཀྱིས་བྱང་རྩེ་གྲྭ་ཚང་གི་དགེ་འདུན་པ་༦༠ ལྷག་ཙམ་ལ་ཏོག་དབྱིབས་ནད་རྟགས་ཐོན་ཡོད་སྐོར་བརྗོད་བྱུང་ལ། གྲྭ་ཚང་དེའི་དགེ་འདུན་པ་རྣམས་ལ་ས་གནས་རྒྱ་གར་གཞུང་གི་རིམ་པ་མཐོ་བའི་བརྟག་དཔྱད་གནང་བཞིན་ཡོད་འདུག

དེ་སྔོན་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་དགེ་འདུན་པ་བརྒྱ་ལྷག་ལ་ཏོག་དབྱིབས་ནད་རྟགས་ཐོན་ཡོད་ཀྱང་། ད་ལྟའི་ཆར་དགེ་འདུན་པ་ཚང་མ་དྲག་སྐྱེད་བྱུང་ཟིན་འདུག་ལ། དེ་བཞིན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་དགེ་འདུན་པ་རྣམས་ལ་ཡང་བརྟག་དཔྱད་གནང་རྒྱུའི་འཆར་གཞི་ཡོད་འདུག

གཞན་ཡང་། གཞིས་ཆགས་ཀྱི་འཕྲོད་བསྟེན་སྨན་ཁང་ནས་འགྲེལ་བརྗོད་གནང་བ་ལྟར་ན། སྦེལ་ཀོབ་བོད་མིའི་གཞིས་ཆགས་དང་དགོན་སྡེ་གཞན་ཁག་ནང་ད་བར་ཏོག་དབྱིབས་ནད་དུག་ཕོག་པའི་ནད་པ་༤༢ བྱུང་བ་ནས་ད་ལྟ་སྨན་བཅོས་བྱེད་བཞིན་པ་མི་གྲངས་༢༡ ཡོད་པ་དང་། དེ་བཞིན་ཧོན་སུར་རབ་རྒྱས་གླིང་དུ་ད་བར་ནད་པ་༣༠ བྱུང་བ་ནས་༨ དྲག་སྐྱེད་བྱུང་བ་དང་། ད་ལྟ་མི་གྲངས་ ༢༢ སྨན་བཅོས་བྱེད་བཞིན་འདུག ཀོ་ལི་གྷལ་དོན་ལྡན་གླིང་དུ་ད་བར་ནད་པ་གཉིས་བྱུང་བའི་ནང་ནས་གཅིག་དྲག་སྐྱེད་བྱུང་བ་དང་། གཅིག་ལ་ད་ལྟ་སྨན་བཅོས་བྱེད་བཞིན་ཡོད་འདུག་ལ། ད་ལྟའི་ཆར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་དང་དགོན་སྡེ་ཁག་ནང་ཁྱོན་ཏོག་དབྱིབས་ནད་པ་ ༢༣༠ བརྒལ་བར་སྨན་བཅོས་གནང་བཞིན་ཡོད་ཀྱང་། བརྟག་དཔྱད་གྲུབ་འབྲས་ཐོན་རིམ་བཞིན་ནད་པའི་གྲངས་ཚད་མུ་མཐུད་འཕར་སྲིད་པ་རེད་འདུག

བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་གཉན་རིམས་ཛ་དྲག་ལས་དོན་ཚོགས་ཆུང་གི་གྲངས་ཐོ་ལྟར་ན། བོད་ནང་དུ་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ཀྱི་ནད་པ་ཁྱོན་ ༡༠༧ བྱུང་བའི་ཁྲོད་ནས་གཅིག་འདས་གྲོངས་སུ་ཕྱིན་ཡོད་པ་དང་། རྒྱ་བལ་འབྲུག་གསུམ་ནང་ཁྱོན་ནད་པ་ ༥༩༢ བྱུང་བའི་ནང་ནས་ ༢༧༡ དྲག་སྐྱེད་དང་མི་ ༡༦ འདས་གྲོངས། ནད་པ་ ༣༠༥ ལ་སྨན་བཅོས་བྱེད་བཞིན་པ་རེད་འདུག ཕྱི་རྒྱལ་ཡུལ་གྲུ་ཁག་གཞན་ནས་བོད་མི་ ༢༡༣ ལ་ནད་རྟགས་ཐོན་པ་དང་མི་ ༡༦༥ དྲག་སྐྱེད། མི་ ༩ འདས་གྲོངས། ནད་པ་ ༣༩ ལ་སྨན་བཅོས་བྱེད་བཞིན་ཡོད་འདུག

རྒྱ་གར་ལྷོ་ཕྱོགས་ས་གནས་གསར་འགོད་པ་དོན་གྲུབ་བཀྲ་ཤིས།

བསྐྱར་བཅོས།: ༢༠༢༠/༡༠/༡༥

Leave a Reply

2 thoughts on “ད་བར་དུ་བཙན་བྱོལ་བོད་མི་ ༢༥ ཏོག་དབྱིབས་གཉན་རིམས་ཀྱིས་འདས་གྲོངས་སུ་ཕྱིན།

  1. སྨན་པ་དོན་གྲུབ་ཁོང་་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་སྨན་པ་ཡིན་པ་ལས། ས་གནས་འཕྲོད་བསྟེན་སྨན་ཁང་གི་སྨན་པ་མ་རེད།

  2. གསལ་ལེ་རྒྱལ།

    མི་འདུག་ཟེར་བའི་འབྲི་སྲོལ་ཅིག་མཐོང་མྱོང་བ་ལས། མེད་འདུག་ཅེས་པ་ཞིག་མཐོང་མྱོང་དང་ཐོས་མྱོང་མེད། འདིའང་བོད་སྐད་རེད་དམ།