མཉམ་རུབ་ཀྱིས་འཛམ་གླིང་ཞི་བདེ་ལྡན་པ་ཞིག་བསྐྲུན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཏོག་ནད་ལྟ་བུའི་གནས་ཚུལ་དེ་འདྲ་འཕྲད་ཚེ་སེམས་ཞུམ་ནས་མི་སྡོད་པར་སྙིང་སྟོབས་ཆེན་པོས་གཞན་གཅེས་ཀྱི་དགོངས་པ་དགོས་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།

དེ་རིང་སྔ་དྲོར་རྒྱ་གར་གྱི་སྲིད་འཛིན་ཟུར་པ་སྐུ་གཤེགས་ཨབ་དྷི་ཁཱ་ལིམ་(Avul Pakir Jainulabdeen Abdul Kalam)དམ་པ་མཆོག་གི་རྒྱལ་སྤྱིའི་ཐེབས་རྩ་ཁང་ནས་གོ་སྒྲིག་ཞུས་པ་བཞིན། ༧གོང་ས་རྒྱལ་བ་རིིན་པོ་ཆེ་མཆོག་ནས་དྲ་ལམ་བརྒྱུད་སྲིད་འཛིམ་དམ་པ་ཁོང་སྐུ་འཁྲུངས་ནས་ལོ་འཁོར་ ༨༩ ལོན་པའི་དུས་དྲན་ཐོག  ལས་དོན་མཉམ་རུབ་ཀྱིས་འཛམ་གླིང་ཞི་བདེ་ལྡན་པ་ཞིག་བསྐྲུན་ (Working Together for a Peaceful World)ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་ཡོད་པ་དང་། སྐབས་དེར་༧གོང་ས་མཆོག་ནས་རྒྱ་གར་ནང་ལོ་ངོ་སྟོང་ཕྲག་གསུམ་རིང་ཆོས་ལུགས་ནང་ཁུལ་མཐུན་སྒྲིལ་བྱས་ནས་གནས་པ་དང་། དེ་རིང་འདིར་ངོས་ནས་རྒྱ་གར་གྱི་སྲིད་འཛིན་ཟུར་པ་སྐུ་མཆོག་འབྲེལ་ནས་རྒྱ་གར་གྱི་རིག་གཞུང་དང་། ཆོས་ལུགས་མཐུན་སྒྲིལ་སྐོར་ལ་བཤད་རྒྱུའི་གོ་སྐབས་བྱུང་བས་ཧ་ཅང་དགའ་པོ་བྱུང་སྐོར་གསུངས་སོང་།

བཀའ་སློབ་ཀྱི་ཐོག་མར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཛིན་ཟུར་པ་སྐུ་ཞབས་ཨབ་དྷི་ཁཱ་ལིམ་མཆོག་དམ་པ་ཁོང་ནི་རྒྱ་གར་གྱི་མི་ཚང་དཀྱུས་མ་ཞིག་ནས་འཚར་ལོངས་བྱུང་བ་མ་ཟད། སྤྱིར་བཏང་གི་སློབ་སྦྱོང་བྱས་ཏེ་ཚན་རིག་སློབ་སྦྱོང་ལ་དགའ་མོས་གནང་ཡོད་པ་དང་། དམ་པ་ཁོང་དང་ཐུག་འཕྲད་སྐབས་ཁོང་ནི་རང་བཞིན་ཧ་ཅང་ཞི་ཞིང་དུལ་བ་དང་། རང་ཚུགས་བརྟན་པའི་སྲིད་འཛིན་ཞིག་ཡིན་པ་དང་། དམ་པ་ཁོང་ནི་ཁ་ཆེ་ཆོས་ལུགས་ཉམས་ལེན་བྱེད་མཁན་ཞིག་ཡིན་ན་ཡང་། རྒྱ་གར་གྱི་མགོ་ཁྲིད་ཁྲོད་གོ་གནས་ཚད་མཐོ་ཤོས་ལ་སླེབས་མྱོང་མཁན་ཞིག་ཡིན་སྐོར་གསུངས་སོང་།

ངོས་ཀྱིས་ནམ་རྒྱུན་རྒྱ་གར་ནི་ཆོས་ལུགས་ནང་ཁུལ་མཐུན་སྒྲིལ་ཡོད་མཁན་གྱི་རྒྱལ་ཁབ་མིག་དཔེ་འོས་པ་ཞིག་རེད་ཅེས་བརྗོད་བཞིན་ཡོད། རྒྱ་གར་ནང་ལོ་ངོ་སྟོང་ཕྲག་གསུམ་རིང་ཆོས་ལུགས་ནང་ཁུལ་མཐུན་སྒྲིལ་བྱས་ཏེ་གནས་པ་མ་ཟད། ཕྱིས་སུ་ཁ་ཆེའི་ཆོས་ལུགས་དང་། ཡི་ཤུའི་ཆོས་ལུགས། གཅེར་བུ་བའི་ཆོས་ལུགས་སོགས་འཛམ་གླིང་གི་ཆོས་ལུགས་གཙོ་ཆེ་བ་རྒྱ་གར་ནང་མཐུན་སྒྲིལ་དང་ཕན་ཚུན་བརྩི་བཀུར་ངང་མཉམ་གནས་བྱས་ཡོད། དེ་རིང་འདིར་སྲིད་འཛིན་དམ་པ་མཆོག་དང་འབྲེལ་ནས་རྒྱ་གར་གྱི་རིག་གཞུང་། ལྷག་པར་ཆོས་ལུགས་མཐུན་སྒྲིལ་སྐོར་ལ་བཤད་རྒྱུའི་གོ་སྐབས་བྱུང་བས་ཧ་ཅང་དགའ་པོ་བྱུང་སྐོར་གསུངས་སོང་།

ཁོང་ཉིད་ཀྱིས་མུ་མཐུད་རྒྱ་གར་འདི་ནི་མི་ལོ་སྟོང་ཕྲག་གསུམ་གོང་ནས་རིག་གནས་གཞུང་གིས་ཕྱུག་པའི་རྒྱལ་ཁབ་ཅིག་ཡིན་པ་དང་། ལྷག་པར་དུ་རྒྱ་གར་གྱི་གནའ་བོའི་རིག་གཞུང་དང་འབྲེལ་ནས་འཚེ་བ་མེད་པ་དང་སྙིང་རྗེའི་ལྟ་གྲུབ་ཉམས་ལེན་བྱེད་མཁན་གྱི་རྒྱལ་ཁབ་ཅིག་ཆགས་ཡོད་པ་ནི་གཟི་བརྗིད་ཞིག་ཡིན་པ་དང་། ད་ལྟའི་ཆར་འཛམ་གླིང་འདིར་འཚེ་བ་དང་འབྲེལ་བའི་འཁྲུག་རྩོད་མང་པོ་བྱུང་བཞིན་པ་དེ། ནང་བྱམས་བརྩེའི་མ་འདང་བའི་རྐྱེན་གྱིས་ཡིན་སྟབས། ངོས་ཀྱི་ཐུག་སྐྱེད་དམ་བཅའ་བཞིའི་ནང་གི་གཅིག་ནི་རྒྱ་གར་གྱི་གནའ་བོའི་རིག་གཞུང་བསྐྱར་གསོ་མཛད་རྒྱུ་དེ་ཡིན་སྐོར་སོགས་གསུངས་སོང་།

མཇུག་ཏུ་སློབ་མ་ཞིག་གིས་ཏོག་དབྱིབས་ནད་དུག་གི་སྐབས་འདིར་རང་ཉིད་ཀྱིས་དཀའ་ངལ་གདོང་ལེན་དང་གཞན་ལ་རོགས་རམ་བྱེད་ཕྱོགས་སྐོར་ལ་བཀའ་འདྲི་བྱས་པར། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ད་ལྟའི་ཆར་རྒྱ་གར་ནད་དུག་ཕོག་མཁན་གྱི་གྲངས་ཚད་མང་པོ་ཡོད་ཀྱང་། དྲག་སྐྱེད་བྱུང་བཞིན་པ་མང་པོ་ཡོད་པ་ནི་གནས་ཚུལ་བཟང་པོ་ཞིག་ཡིན་པ་དང་། སྤྱིར་རང་ཉིད་སྒེར་ལ་གནས་ཚུལ་དེ་འདྲ་འཕྲད་ཚེ་སེམས་ཞུམ་ནས་མི་སྡོད་པར་སྙིང་སྟོབས་ཆེན་པོས་གཞན་གཅེས་ཀྱི་དགོངས་པ་ཆེ་བཞེས་གནང་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༡༠/༡༥

Leave a Reply