ཁྱོ་ག་ཞིག་གིས་ལོ་གཅིག་རིང་བཟའ་ཟླ་གསང་སྤྱོད་ནང་དུ་བཅུག

ཏོག་ནད་ཀྱི་ཁྱིམ་སྡོད་བཀག་རྒྱའི་སྐབས་བུད་མེད་དང་བྱིས་པ་ལ་རྩུབ་སྤྱོད་སྤེལ་བའི་གནད་དོན་ཇེ་མང་དུ་འགྲོ་ཡི་ཡོད་པས་བོད་མིའི་སྒྲིག་འཛུགས་ཀྱི་བུད་མེད་ནུས་སྟོབས་གོང་སྤེལ་ཚན་པས་རྩུབ་སྤྱོད་ཕོག་མཁན་ལ་ཆེད་དམིགས་རོགས་རམ་གནང་གི་འདུག

འཛམ་གླིང་གི་ཡུལ་ལུང་མང་པོའི་ནང་བུད་མེད་དང་བྱིས་པར་བཙན་སྐུལ་མནར་གཅོད་གཏོང་བ་སོགས་ཀྱི་གནད་དོན་དུས་རྒྱུན་ཡོང་གི་ཡོད་པ་དང་། ལྷག་པར་དུ་འདི་ལོའི་ཁྱིམ་སྡོད་བཀག་རྒྱའི་སྐབས་སུ་ཞིབ་འཇུག་སྙན་ཐོ་མང་པོའི་ནང་དུ་བཙན་གཡེམ་གཅར་རྡུང་དང་རྩུབ་སྤྱོད་མནར་གཅོད་ཕོག་པའི་བུད་མེད་ཀྱི་གྲངས་འབོར་ཧ་ཅང་ཇེ་མང་དུ་འགྲོ་བཞིན་པའི་གནས་ཚུལ་ཐོན་ཡོད་པ་དང་། འདི་ལོའི་ཁྱིམ་སྡོད་བཀག་རྒྱའི་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་བུད་མེད་ནུས་སྟོབས་གོང་སྤེལ་ཚན་པས། རྩུབ་སྤྱོད་ཕོག་དཀའ་ངལ་ཅན་ཚོར་རོགས་རམ་གནང་རྒྱུ་ཡིན་པའི་གསལ་བརྡ་སྤེལ་ཡོད་པ་ལྟར། ཁྱིམ་སྡོད་བཀག་རྒྱའི་སྐབས་རྩུབ་སྤྱོད་དཀའ་ངལ་འཕྲད་པའི་བོད་པའི་བུད་མེད་གསུམ་ལ་རོགས་རམ་གནང་ཡོད་འདུག

འདི་གའི་གསར་འགོད་པས་ཞལ་པར་བརྒྱུད། བོད་མིའི་སྒྲིག་འཛུགས་བུད་མེད་ནུས་སྟོབས་གོང་སྤེལ་ཚན་པའི་མདུན་ལམ་ལམ་སྟོན་པ་སྐལ་བཟང་སྒྲོལ་མ་ལགས་སུ། ཏོག་དབྱིབས་གཉན་རིམས་སྐབས་སུ་བོད་པའི་སྤྱི་ཚོགས་ནང་བུད་མེད་ལ་རྩུབ་སྤྱོད་རིགས་ཀྱི་གནད་དོན་བྱུང་གི་ཡོད་མེད་སྐོར་དྲིས་པར་ཁོང་མོས། སྤྱི་ཡོངས་ནས་ད་བར་བོད་པའི་བུད་མེད་ཁྲོད་ནས་ཁོང་ཚོར་གནས་ཚུལ་དེའི་རིགས་འདྲི་མཁན་དང་རོགས་རམ་ཞུ་མཁན་ ༩ ཙམ་ཡོང་ཡོད་པ་དང་།  དེ་དག་གི་ཁྲོད་ནས་ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོགས་བྱུང་བའི་བུད་མེད་ ༥ བྱུང་སོང་། དེ་དག་ལས་བུད་མེད་ ༣ ཏོག་ནད་བཀག་རྒྱའི་སྐབས་སུ་བྱུང་ཡོད་སྐོར་བརྗོད་བྱུང་ལ། བུད་མེད་ནུས་སྟོབས་ཚན་པའི་ངོས་ནས་ཁྱིམ་སྡོད་བཀག་རྒྱའི་སྐབས་སུ་འཛམ་གླིང་ཡོངས་སུ་བུད་མེད་ལ་རྩུབ་སྤྱོད་ཀྱི་གནས་སྟངས་མང་པོ་བྱུང་གི་ཡོད་སྟབས། བུད་མེད་ཚོས་ཐད་ཀར་ཁ་པར་ཨང་གྲངས་དང་། དེ་བཞིན་ས་གནས་སུ་ཉེན་རྟོག་པ་དང་ཁྲིམས་ཐོག་ནས་རོགས་རམ་བྱེད་མཁན་སོགས་ཆེད་བསྐོས་བྱས་ཡོད་སྐོར་སོགས་བརྗོད་བྱུང་།

ཁ་སང་རྒྱ་གར་(NDTV)གཙོའི་གསར་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་གར་བུད་མེད་སྲུང་སྐྱོབ་དང་བྱིས་པ་གཉེན་སྒྲིག་གཏན་འགོག་(Women Protection and Child Marriage Prohibition)ཚོགས་པས། ཧར་ཡ་ནཱ་(Haryana)མངའ་སྡེའི་རེ་ཤི་པོར་(Rishpur)ཞེས་པའི་གྲོང་སྡེ་ཞིག་ཏུ། ཁྱོ་གས་རང་གི་བཟའ་ཟླ་ལོ་གཅིག་རིང་སྒོ་འགྲམ་གྱི་གསང་སྤྱོད་ནང་བཅུག་སྟེ། ཟ་མ་ཉུང་ཙམ་རེ་སྤྲད་ནས་ཕྱིར་མ་བཏང་བར་དྲག་རྩུབ་དང་གདུག་སྦྱོང་མནར་གཅོད་བཏང་ཡོད་པར་བརྟེན། ཉེན་རྟོག་པར་ཞུ་གཏུགས་བྱས་ཏེ་འདྲི་རྩད་ཞིབ་འཇུག་བྱེད་བཞིན་ཡོད་འདུག

བུད་མེད་དང་བྱིས་པར་སྲུང་སྐྱོབ་ཀྱི་ཚོགས་པ་དེའི་འགན་འཛིན་ལྕམ་རཱ་རྗི་ནཱེ་གྷོབ་ཏ(Rajni Gupta)ཡིས། ཁོང་ཚོར་ཉིན་ཤས་སྔོན་ནས་གྲོང་སྡེ་དེར་བུད་མེད་ཅིག་ཁྱོ་གས་གསང་སྤྱོད་ནང་བཅུག་སྟེ་ལོ་གཅིག་འགྲོ་བཞིན་ཡོད་པའི་གནས་ཚུལ་འབྱོར་བ་དང་། ཁོང་ཚོས་ཚོགས་ཆུང་གྲ་སྒྲིག་བྱས་ཏེ་ས་གནས་སུ་འབྱོར་སྐབས་གནས་ཚུལ་དེ་དངོས་བདེན་ཡིན་པ་མ་ཟད། བུད་མེད་དེར་ཉིན་མང་པོར་ཟ་མ་མ་སྤྲད་པ་དང་ལུས་ཡོངས་མི་གཙང་བས་ཁྱབ་ཡོད་ལ། ཁྱོ་གས་བུད་མེད་དེའི་སེམས་ཁམས་ཐང་བོ་མེད་པས་དེ་ལྟར་བྱས་པ་ཡིན་སྐོར་བརྗོད་ཡོད་འདུགལྕམ་རཱ་རྗི་ནི་གྷོབ་ཏ་ལགས་ཀྱིས། ད་ལྟ་བུད་མེད་དེ་གསང་སྤྱོད་ནས་ཕྱིར་བཏོན་ཏེ་ལུས་ཡོངས་སུ་གཙང་སྦྲ་བྱས་ཤིང་། གནད་དོན་དེ་ཉེན་རྟོག་པར་ཞུ་གཏུགས་བྱས་ཡོད་ལ། ཉེན་རྟོག་ཕྱོགས་ནས་འདྲི་ཞིབ་མགོ་བཙུགས་ཟིན་ཡོད་པ་མ་ཟད། མི་རིང་བར་དོན་དངོས་གནས་ཚུལ་ག་རེ་ཡིན་མིན་ཉེན་རྟོག་ཕྱོགས་ནས་ཐག་གཅོད་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་པ་དང་། བུད་མེད་དེའི་ཁྱོ་གས་བཟའ་ཟླའི་སེམས་ཁམས་ཐང་བོ་མེད་པ་དང་། ཁོ་ཚོས་ཐེངས་མང་ལ་སྨན་པར་བསྟེན་ན་ཡང་དྲག་སྐྱེད་མེད་སྟབས། ཁོ་ཚོས་མོ་ལ་ཕྱི་ནས་འདུག་དགོས་སྐོར་བཤད་ཀྱང་ཁ་ལ་མ་ཉན་སྟབས་ཐབས་ཤེས་དེ་འཐེན་པ་ཡིན་སྐོར་བརྗོད་ཡོད་འདུག

སྤྱིར་ན་རྒྱ་གར་ནང་བུད་མེད་ཀྱི་ཐོབ་ཐང་དང་གནས་སྟངས་སྐྱོ་བ་ཡོད་པ་མ་ཟད། ཕོ་མཆོག་མོ་དམན་གྱི་ལྟ་ཚུལ་ཤུགས་ཆེན་ཡོད་སྟབས། འདི་ལོའི་ཏོག་ནད་རྐྱེན་གྱིས་ཁྱིམ་མི་ཚང་མ་ནང་ལ་བཅུག་རྐྱེན་རྒྱ་གར་ནང་བུད་མེད་ལ་ཁྱོ་ག་དང་ནང་མིའི་བཙན་སྐུལ་བརྙས་བཅོས་བཏང་བའི་གྲངས་འབོར་ཧ་ཅང་ཆེ་རུ་སོང་ཡོད་པ་དང་། རྒྱ་གར་རྒྱལ་ཡོངས་ཁྲིམས་ལུགས་ཞབས་ཞུ་ཁང་(National Legal Services Authority)གི་སྙན་ཐོ་ལྟར་ན། ཏོག་ནད་སྐབས་རྒྱ་གར་གྱི་མངའ་སྡེ་ ༢༨ ནང་གི་བུད་མེད་དྲག་རྩུབ་སྐོར་ཞིབ་འཇུག་བྱས་པ་བརྒྱུད། ཕྱི་ཟླ་ ༥ གཅིག་པུར་ལྡི་ལི་དང་ཧཱར་ཡ་ནཱ་སོགས་སུ་བུད་མེད་ ༡༠༠ ལས་བརྒལ་བར་དངོས་སུ་རྩུབ་སྤྱོད་དང་། མནར་གཅོད་བཏང་བའི་གནས་ཚུལ་ཤེས་རྟོགས་བྱུང་ཡོད་སྐོར་བརྗོད་འདུག

བུད་མེད་སྲུང་སྐྱོབ་དང་བྱིས་པ་གཉེན་སྒྲིག་གཏན་འགོག་ཚོགས་པས། ད་ལྟའི་ཆར་ཏོག་ནད་རྐྱེན་གྱིས་རྒྱལ་གར་རྒྱལ་ཡོངས་སུ་བུད་མེད་མང་པོར་ཕྱི་དང་ནང་གཉིས་ནས་རྩུབ་སྤྱོད་སྤེལ་མཁན་ཤུགས་ཆེར་འབྱུང་བཞིན་ཡོད་སྟབས།མི་སྣ་སུ་ཞིག་ཡིན་ཀྱང་གནས་ཚུལ་དེ་ལྟ་བུའི་རིགས་མཐོང་ཐོས་བྱུང་ཚེ། འབྲེལ་ཐག་(http://www.ncw.nic.in/helplines)འདི་བརྒྱུད་ནས་འབྲེལ་བ་བྱས་ཚེ། རོགས་རམ་བྱེད་མཁན་དང་གནད་དོན་རྩད་གཅོད་བྱེད་མཁན་ཡོད་སྐོར་བརྗོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༡༠/༡༧

Leave a Reply