ཁ་ཆེ་བ་ཚོ་གནས་མཇལ་ལ་འགྲོ་བར་གཞུང་གི་གོ་སྒྲིག་ལྟར་འགྲོ་དགོས།

རྒྱ་ནག་གཞུང་གིས་ཁ་ཆེ་བ་ཚོ་ཕྱིའི་གནས་ཆེན་ཁག་ལ་འགྲོ་སྐབས་གཞུང་གི་ལངས་ཕྱོགས་ལ་བརྩི་བཀུར་དང་རྒྱལ་ཞེན་ཅན་མ་གཏོགས་མི་གཏོང་རྒྱུའི་ཁྲིམས་སྒྲིག་བཟོས་ཡོད་འདུག

དེ་རིང་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆོས་ལུགས་ལས་དོན་ཁང་ཟེར་བས། རྒྱ་ནག་ནང་ཡོད་པའི་ཁ་ཆེ་བ་ཚོ་སོ་ཌི་ཨ་རབ(Saudi Arabia)ནུབ་བརྒྱུད་དུ་ཆགས་པའི་ཁ་ཆེའི་གནས་ཆེན་མེ་ཁཱ(Mecca)ནང་། མི་སྒེར་ངོས་ནས་རང་དབང་གིས་གནས་མཇལ་ལ་འགྲོ་མི་ཆོག་པར། ངེས་པར་དུ་རྒྱ་ནག་གཞུང་གི་བཀོད་སྒྲིག་ལྟར་འགྲོ་དགོས་པའི་སྒྲིག་ཁྲིམས་གསར་བ་ཞིག་བཟོས་ཡོད་འདུག

དེ་འབྲེལ་གནས་ཚུལ་ནང་རྒྱ་ནག་གཞུང་གིས་ཁ་ཆེ་བ་ཚོར་གནས་སྐོར་ཆེད་བཟོས་པའི་སྒྲིག་ཁྲིམས་ནང་། རྒྱ་ནག་ཡོད་པའི་ཁ་ཆེ་བ་མི་སྒེར་ངོས་ནས་རང་དབང་གིས་གནས་མཇལ་ལ་སོང་མི་ཆོག་པར། ངེས་པར་དུ་རྒྱ་འཐབ་ཕྱོགས་གཅིག་གྱུར་ཁང་གི་སྟངས་འཛིན་འོག་ཡོད་པའི་རྒྱ་ནག་ཁ་ཆེའི་ལྷན་ཚོགས་(Islamic Association of China)ནས་གོ་སྒྲིག་ལྟར་འགྲོ་དགོས་པ་དང་། ཚོགས་པ་དེས་གནས་མཇལ་ལ་འགྲོ་མཁན་ཚོ་རྒྱལ་ཞེན་སློབ་གསོ་ཡོད་པ་དང་ཀུན་སྤྱོད་ཐད་གནད་དོན་མེད་པ། ཆོས་ལུགས་ཐལ་སྤྱོད་པའི་བསམ་བློ་མེད་པ་དང་།  རྒྱལ་ཁབ་བདེ་འཇགས་ལ་ཉེན་ཁ་མེད་མཁན་རིགས་གཏོང་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག

གནད་དོན་དེའི་ཐད་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ཚོགས་པའི་ནང་ལས་གཉེར་བྱེད་བཞིན་པ། ཡུ་གུར་བ་ནཱ་རེ་ཊར་ཁིལ(Nury Turkel)ལགས་ནས། སྤྱིར་རྒྱ་ནག་གཞུང་གིས་ཁ་ཆེ་ཚོ་གནས་མཇལ་བ་འགྲོ་བ་དེ་ཕྱི་ལོ་ ༢༠༠༥ ལོ་ནས་བཀག་ཡོད་ན་ཡང་། ཐེངས་འདིའི་སྒྲིག་ཁྲིམས་གསར་བ་ཟེར་བ་དེས་མ་འོངས་པར་རྒྱ་ནག་གཞུང་གིས་ཆེད་དམིགས་གནས་མཇལ་ལ་འགྲོ་མཁན་ཚོར་རྒྱལ་ཞེན་ཡོད་པ་དང་། རྒྱ་ནག་གི་ཁྲིམས་གཙི་སྲུང་དང་ཀུན་སྤྱོད་ཡག་པོ་ཡོད་པ་སོགས་གདམ་གསེས་བྱ་རྒྱུ་ཡིན་པ་དང་། དེ་ནི་ཁ་ཆེ་གནས་མཇལ་བ་ཚོར་དམ་དྲག་བྱེད་ཐབས་གསར་བ་ཞིག་དང་ཆོས་ལུགས་རང་དབང་ཐད་དབྱེ་འབྱེད་ཀྱི་སྲིད་བྱུས་ཤིག་ཆགས་ཡོད་སྐོར་བརྗོད་འདུག

དེ་བཞིན་ཐའེ་ཝན་རྒྱལ་ཡོངས་ཚཱན་ཧའོ(National Tsing Hua University)གཙུག་ལག་སློབ་གྲྭའི་ཨེ་ཤ་ཡའི་འབྲེལ་ལམ་སློབ་དཔོན་ཤའ་ཁྲིན་ཡོ(Shih Chien-yu)ཡིས། སྒྲིག་ཁྲིམས་གསར་བ་དེ་ནི་པེ་ཅིན་གཞུང་གིས་ཆོས་ལུགས་རང་དབང་ཐད་དམ་དྲག་གི་སྲིད་བྱུས་གསར་བ་ཞིག་ཡིན་པ་མ་ཟད། ཁ་ཆེ་བ་ཚོ་གནས་མཇལ་ལ་འགྲོ་སྐབས་འཛམ་གླིང་གི་ས་ཆ་འདྲ་མིན་ནང་སོང་སྟེ། ཁ་ཆེ་བ་མི་འདྲ་བའི་བར་བསམ་ཚུལ་དང་ཉམས་མྱོང་བརྗེ་རེས་སོགས་བྱེད་ཀྱི་ཡོད་སྟབས། ཁོ་ཚོ་ཕྱིར་ལོག་རྗེས་གཞུང་གི་ཆབ་སྲིད་དམ་དྲག་གི་བྱེད་སྟངས་མང་པོ་ཤེས་རྟོགས་བྱུང་གི་ཡོད་སྟབས། རྒྱ་ནག་གཞུང་འཇིགས་སྣང་སྐྱེས་གཞི་ཞིག་ཆགས་ཡོད་པའི་རྐྱེན་ཡིན་སྐོར་བརྗོད་འདུག

རྒྱ་ནག་གཞུང་གིས་བོད་དང་གྲངས་ཉུང་མི་རིགས་ཁག་གི་ཆོས་ལུགས་ལས་དོན་དང་གནས་མཇལ་སོགས་ཀྱི་ཐད། ལོ་ལྟར་རྒྱ་ནག་གཞུང་གི་ལངས་ཕྱོགས་དང་མཐུན་པའི་ཁྲིམས་སྒྲིག་མང་པོ་བཟོ་བཅོས་བྱེད་བཞིན་ཡོད་པ་མ་ཟད། མི་རིགས་དེ་དག་ཕྱི་ལ་གནས་སྐོར་སུ་འགྲོ་བར་གཞུང་ངོས་ནས་སྟངས་འཛིན་ཤུགས་ཆེར་བྱེད་བཞིན་ཡོད་པ་དང་། ཕྱི་ལོ་ ༢༠༡༢ ལོ་ནས་བཟུང་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཀྱི་བོད་མིའི་སྡོད་གནས་ས་ཁུལ་ཁག་ནང་དྲིལ་བསྒྲགས་སྒོས་ཡུལ་མི་དཀྱུས་མ་ཚོའི་ཕྱི་སྐྱོད་ལག་འཁྱེར་བཙན་འཕྲོག་བྱེད་མགོ་བརྩམས་ཏེ། ད་ལྟའི་བར་ས་ཁུལ་དེ་དག་ནང་ཡུལ་མི་ས་ཡ་ ༣ ལྷག་གི་ཕྱི་སྐྱོད་ལག་འཁྱེར་བཀག་སྡོམ་བྱས་ཡོད་པ་དང་། རྒྱ་ནག་གཞུང་གིས་སྔར་རྗེས་སུ་ཕྱི་སྐྱོད་ལག་འཁྱེར་བཀག་སྡོམ་གྱི་སྲིད་ཇུས་སྤེལ་ཏེ། བོད་མི་དང་ཡུ་གུར་བ་གཙོས། གྲངས་ཉུང་མི་རིགས་ས་ཁུལ་ཁག་དང་ཁོ་ཚོའི་ཆོས་ལུགས་བྱེད་སྒོ་ཁག་བཅས་ལ་དམ་དྲག་བྱེད་ཀྱི་ཡོད་སྟབས། རྒྱལ་སྤྱིའི་གཞུང་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་ནས་རྒྱ་ནག་གཞུང་གིས་མི་རིགས་དབྱེ་འབྱེད་དང་འབྲེལ་བའི་ཕྱི་སྐྱོད་ལག་འཁྱེར་བཀག་སྡོམ་སྲིད་ཇུས་མྱུར་དུ་མཚམས་འཇོག་དགོས་པའི་འབོད་སྐུལ་རིམ་པར་བྱས་ཡོད་པ་རེད།

ཕྱི་ལོ་ ༢༠༡༩ ལོའི་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་སྐོར་གྱི་སྙན་ཐོ་ལྟར་ན། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༨ ཟླ་ ༢ ནས་ཆོས་དོན་སྒྲིག་ཁྲིམས་ (Regulations on Religious Affairs) གསར་པ་ལག་བསྟར་བྱས་པ་ནས་བཟུང་། རྒྱ་ནག་གཞུང་དང་འབྲེལ་བ་མེད་པའི་ཆོས་ཀྱི་བྱེད་སྒོ་རྣམས་ལ་བཀག་འགོག་དང་། ཆོས་སྡེ་ཁག་ནས་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་བར་རྒྱ་ནག་གཞུང་ལ་སྙན་ཞུ་འབུལ་དགོས་ཀྱི་ཡོད་པའི་སྐོར་དང་། རྒྱ་ནག་གཞུང་ནས་མུ་མཐུད་ཆོས་ལུགས་རྩ་མེད་གཏོང་ཐབས་བྱེད་ཀྱི་ཡོད་པ་མ་ཟད། ཆོས་ལུགས་དང་འབྲེལ་བའི་རིག་གཞུང་དང་སྐད་ཡིག་མེད་པར་གཏོང་ཐབས་བྱེད་བཞིན་ཡོད་པ་དང་། ལྷག་་པར་དུ་བོད་བརྒྱུད་ནང་བསྟན་དང་ཡུ་གུར་ཁ་ཆེའི་ཐོག་མུ་མཐུད་ཆོས་དད་རང་དབང་རྡོག་རོལ་གཏོང་བཞིན་ཡོད་པ་སོགས་རྒྱ་ནག་ནང་གི་ཆོས་དད་རང་དབང་སྡུག་ཏུ་ཕྱིན་ཡོད་པ་དང་། རྒྱ་ནག་ནི་འཛམ་གླིང་གི་ཆོས་དད་རང་དབང་ཐད་དམིགས་བསལ་བློ་འཚབ་སྐྱེས་དགོས་པའི་རྒྱལ་ཁབ་ཅིག་ཡིན་སྐོར་བཀོད་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༡༠/༡༧

Leave a Reply