མཐོ་རིམ་མགོ་ཁྲིད་གཞོན་པ་ཞིག་ལ་ཞིབ་བཤེར་བྱེད་ཀྱི་འདུག

རྒྱ་ནག་རྒྱལ་ཡོངས་ནུས་རྒྱུ་ལྷན་ཁང་གི་མགོ་ཁྲིད་གཞོན་པ་ལའོ་བྷོ་ཧའེ་ཡིས་ཁྲིམས་འགལ་སྒྲིག་འགལ་ཚབས་ཆེན་བྱས་ཡོད་པའི་དོགས་གཞིའི་འོག་ཞིབ་བཤེར་བྱེད་ཀྱི་འདུག

དེ་རིང་རྒྱ་ནག་ལྷོ་བརྒྱུད་ཞོགས་པའི་ཆ་འཕྲིན་གྱིས་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་ནག་དམར་ཤོག་ཚོགས་པའི་སྒྲིག་ལམ་ཞིབ་བཤེར་ཁང་ཟེར་བས། རྒྱ་ནག་རྒྱལ་ཡོངས་ནུས་རྒྱུ་ལྷན་ཁང་(NEA)གི་མགོ་ཁྲིད་གཞོན་པ་ལའོ་བྷོ་ཧའེ(Liu Baohua)ཡིས། ལྐོག་ཟ་རུལ་སུངས་དང་སྒྲིལ་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞིའི་འོག་འདྲི་རྩད་ཞིབ་བཤེར་བྱེད་བཞིན་ཡོད་སྐོར་བརྗོད་ཡོད་པ་དང་། ཁོ་ནི་ཟླ་འདིའི་ནང་རྒྱ་ནག་གི་མགོ་འཁྲིད་ཏུན་ཧོང་(Dong Hong)རྗེས་སུ། མཐོ་རིམ་མགོ་ཁྲིད་ཅིག་ལ་ཁྲིམས་འགལ་སྒྲིག་འགལ་གྱི་ཞིབ་བཤེར་ཐེངས་གཉིས་པ་དེ་ཆགས་ཡོད་འདུག

དེ་འབྲེལ་གནས་ཚུལ་ནང་རྒྱ་ནག་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས་ལའོ་བྷོ་ཧའེ་ཡིས་ལྐོག་ཟ་རུལ་སུངས་དང་། སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་ཡོད་པའི་དོགས་གཞིའི་འོག་ཞིབ་བཤེར་འདྲི་རྩད་བྱེད་བཞིན་ཡོད་སྐོར་ལས་གཞན་ཞིབ་ཕྲའི་གནས་ཚུལ་གང་ཡང་སྤེལ་མེད་པ་དང་། དེ་བཞིན་སྒྲིག་ཁྲིམས་ཞིབ་བཤེར་ཁང་གི་དྲ་རྒྱའི་ངོས་སུ་འདི་ལོའི་ལོ་མགོ་ནས་བཟུང་། རྒྱ་ནག་གི་ནུས་རྒྱུ་ལྷན་ཁང་གི་ཚན་པ་ ༢༠ ལྷག་གི་མགོ་ཁྲིད་ལ་ལྐོག་ཟ་རུལ་སུངས་དང་འབྲེལ་བའི་འདྲི་རྩད་དང་ཉེས་ཆད་བཅད་ཡོད་སྐོར་སོགས་བཀོད་ཡོད་འདུག

ལའོ་བྷོ་ཧའེ་ཉེ་སྔོན་ཕྱི་ཟླ་ ༩ ནང་ནུས་རྒྱུ་དང་ས་གནས་ཚོང་ལས་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཤིག་དང་འབྲེལ་ནས་གཏམ་བཤད་བྱས་ཡོད་པ་དང་། དེ་ནི་ཁོ་ཆེས་མཐའ་མའི་མི་མང་ཁྲོད་མངོན་པ་དེ་ཆགས་ཡོད་པ་དང་། རྒྱ་ནག་མི་མང་ཁྲོད་ཁོ་ལ་གློ་བུར་ནག་ཉེས་བཙུགས་ཏེ་ཞིབ་བཤེར་བྱེད་དོན། སྔར་ལོ་རྒྱ་སྒོར་ས་ཡ་ལྐོག་ཟ་རུལ་སུངས་བྱས་པའི་ཉེས་མིང་འོག་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པའི་རྒྱ་ནག་ནུས་རྒྱུ་ལྷན་ཁང་གི་འགན་འཛིན་དང་། ཡུ་གུར་རང་སྐྱོང་ཁུལ་གྱི་དམར་ཤོག་མགོ་འཁྲིད་ཟུར་བ་ནཱོར་བྷེག་རེ་(Nur Bekri)དང་འབྲེལ་བ་ཡོད་མེད་ཐད་དོགས་གཞི་ཡོང་གི་ཡོད་འདུག

རྒྱ་ནག་གི་མགོ་ཁྲིད་ཞི་ཡི་ལྐོག་ཟ་རུལ་སུངས་གཙང་ཕྱག་ལས་འགུལ་སྤེལ་བ་ནས་བཟུང་ད་བར། རྒྱ་ནག་དམར་ཤོག་ཚོགས་པའི་སྡེ་ཚན་འདྲ་མིན་གྱི་མགོ་འཁྲིད་དང་ལས་བྱེད་ས་ཡ་གཅིག་ལྷག་ལ་ཞིབ་བཤེར་དང་བཙོན་འཇུག་ཉེས་ཆད་བཅད་ཡོད་ན་ཡང་། རྒྱལ་སྤྱིའི་སྟེང་ཞི་ཡི་ལས་འགུལ་དེ་ནི་དམར་ཤོག་ཚོགས་པ་ནང་ཁུལ་གྱི་འཐབ་རྩོད་ཙམ་ལ་ངོས་འཛིན་བྱེད་མཁན་ཤུགས་ཆེར་བྱུང་གི་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༡༠ ཟླ་མགོ་རྒྱ་ནག་གི་མགོ་འཁྲིད་གཞོན་པ་ཝང་ཆི་ཧྲན་གྱི་བློས་ཐུབ་ལས་རོགས་ཏུན་ཧོང་འདྲི་རྩད་ཞིབ་བཤེར་བྱས་པ་དང་འབྲེལ། ཞི་ཅིན་ཕིན་གྱིས་ལྐོག་ཟ་རུལ་སུངས་ལས་འགུལ་དེ་རང་གི་ཆབ་སྲིད་ཀྱི་དགྲ་ལ་ཁ་གཏད་གཅོག་ཐབས་ཀྱི་ལག་ཆ་ཙམ་ལ་བཀོད་བཞིན་ཡོད་པ་དང་། ཏུན་ཧོང་དང་འབྲེལ་ནས་ཞི་ཅིན་ཕིན་དང་ཝང་ཆི་ཧྲན་གྱི་བར་ལ་འགལ་ཟླ་ཡོད་པའི་གནས་ཚུལ་ཤུགས་ཆེར་ཡོང་གི་ཡོད་པ་མ་ཟད། རྒྱལ་སྤྱིའི་སྟེང་དམར་ཤོག་ཚོགས་པར་ལྟ་ཞིབ་བྱེད་མཁན་ཚོས་ཏུང་ཧོང་འཛིན་བཟུང་ནི་ཞི་ཡིས་ཝང་ལ་དོ་དམ་གྱི་ཐབས་ཤེས་ཤིག་ཡིན་སྐོར་བརྗོད་ཡོད་པ་རེད།

ལའོ་བྷོ་ཧའི་ནི་འདི་ལོ་ལོ་ན་ ༥༧ དང་། ཕྱི་ལོ་ ༢༠༡༣་ལོ་ནས་རྒྱ་ནག་ནུས་རྒྱུ་ལྷན་ནང་ལས་གཉེར་བྱེད་མགོ་ཚུགས་ཡོད་པ་དང་། ཕྱི་ལོ་ ༢༠༡༧ ལོ་ནས་ལས་ཁུངས་དེའི་འགན་འཛིན་གཞོན་པའི་ལས་འགན་འཁུར་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༡༠/༡༧

Leave a Reply