སྨན་རྩིས་ཁང་གིས་དུས་དྲན་གསུམ་འཛོམས་ཀྱི་མཛད་སྒོ་ཚོགས།

བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་དྲུང་ཆེ་ལགས་ནས་འཛམ་བུ་གླིང་ཡོངས་རྫོགས་ལ་སྟོན་པ་གཉིས་པ་འདྲ་བོ་ཞིག་སྐུ་འཚོ་བཞུགས་སུ་ཡོད་པ་འདི་ནི་རང་ཅག་བོད་མི་སྤྱི་བོ་གནམ་བསྟན་ཡོངས་རྫོགས་ཀྱི་བསོད་ནམས་ཡིན་སྐོར་གསུངས་སོང་།དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཨ་རིའི་གསེར་གྱི་གཟེངས་རྟགས་འབུལ་བཞེས་ཀྱི་ཉིན་མོ་དང་བསྟུན། ༧རྒྱལ་བ་སྐུ་ཕྲེང་ ༡༣ པས་བོད་ཀྱི་རྒྱལ་ས་ལྷ་སར་སྨན་རྩིས་ཁང་གསར་འཛུགས་གནང་སྟེ་ལོ་ངོ་ ༡༠༤ འཁོར་བ། དེ་བཞིན་བཙན་བྱོལ་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྨན་རྩིས་ཁང་བསྐྱར་འཛུགས་གནང་སྟེ་ལོ་ངོ་ ༥༩ འཁོར་བ་བཅས་ཀྱི་དུས་དྲན་སྲུང་གཙིའི་མཛད་སྒོ་ཚོགས་སོང་བ་དང་། མཛད་སྒོའི་སྟེང་སྨན་རྩིས་ཁང་གི་སྨན་སྦྱོར་ཁང་ནས་གསར་བཟོ་བྱས་པའི་གསོལ་སྨན་ཟངས་ཐལ་ཉེར་ལྔ་ཞེས་པ་དང་། དེ་བཞིན་སྨན་རྩིས་ཁང་གི་དགེ་རྒན་དང་སྨན་རམས་པ་རྣམས་ཀྱིས་བརྩམས་པ་དང་བསྒྱུར་སྒྲིག་གནང་བའི་དཔེ་དེབ་གསར་པ་ ༢༠ དབུ་འབྱེད་གནང་སོང་།

མཛད་སྒོའི་ཐོག་སྨན་རྩིས་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས་ནས་ལས་བསྡོམས་སྒྲོགས་སྦྱང་གནང་སྐབས། ད་ཐེངས་མང་ཚོགས་ལ་རིན་ཆེན་རིལ་བུའི་ཚོང་སྒྱུར་བྱེད་ལུགས་ད་ལྟ་ཡག་པོ་འགྲོ་བཞིན་པ་འདི་མུ་མཐུད་རྒྱུན་འཁྱོངས་དགོས་གལ་ཆེ། འགྲོ་ལུགས་དེ་ལྟར་བཟོ་དགོས་པའི་རྒྱུ་མཚན་ཡང་བར་སྐབས་དངུལ་རྐྱང་ཁོ་ན་མ་གཏོགས་མི་སེམས་པའི་རང་རིགས་ཚོང་པ་ཁག་གཅིག་གིས། ཐབས་ལམ་སྣ་ཚོགས་བེད་སྤྱོད་བྱས་ནས་སྨན་རྩིས་ཁང་གི་རིན་ཆེན་རིལ་བུ་འབོར་ཆེན་ཐོབ་པར་བྱས་ཏེ་བོད་དུ་བཏང་ནས་སྨན་རིན་ལྡབ་མང་པོ་ལེན་བཞིན་པའི་གནས་ཚུལ་བྱུར་སྟབས། བཙན་བྱོལ་སྤྱི་ཚོགས་ནང་རིན་ཆེན་རིལ་བུས་མ་འདང་བའི་རྒྱུ་མཚན་གཅིག་དེར་ཐུག་ཡོད། དེར་བརྟེན། མང་ཚོགས་ཀྱིས་ཀྱང་ཧམ་སེམས་ཆེ་བའི་ཚོང་པ་དེ་དག་གི་བེད་སྤྱོད་ལོག་པའི་འོག་མི་ཚུད་པ་བྱ་རྒྱུ་གལ་ཆེ་ལ། གང་ལྟར་རིན་ཆེན་རིལ་བུ་ཚོང་སྒྱུར་ཐད་གནས་སྟངས་ཇི་འདྲ་ཞིག་ཡོད་ཀྱང་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་ཁག་གི་ནང་དུ་སྨན་པས་བརྟག་དཔྱད་བྱས་རྗེས། ནད་པ་གང་ཞིག་ལ་རིན་ཆེན་རིལ་བུ་གང་དང་ཐུན་གྲངས་ཇི་ཙམ་གཏོང་དགོས་རིགས་སྨན་པར་འགན་དབང་ཆ་ཚང་ཡོད་པས། ནད་པའི་ཆེད་དུ་རིན་ཆེན་རིལ་བུ་མ་རག་པའི་སྐད་ཆ་ཙམ་ཡང་མེད་པ་དགོས་སྐོར་བརྗོད་སོང་།ཡང་སྨན་རྩིས་ཁང་ནས་འདི་ལོར་ཏོག་དབྱིབས་གཉན་རིམས་དང་འབྲེལ་ནས་ཕྱག་ལས་གང་གནང་བའི་ཐད་འགན་འཛིན་ལགས་ཀྱིས། གཉན་འཕྲང་ཅན་གྱི་དུས་སུ་སྨན་རྩིས་ཁང་གིས་ཐོག་མ་ཉིད་ནས་བོད་ཀྱི་གསོ་བ་རིག་པའི་ལུགས་གཞིར་བཟུང་རིམས་སྲུང་རིལ་བུ་སོགས་རང་རིགས་མང་ཚོགས་ལ་མཁོ་འདོན་ཆ་ཚང་ཞུས་ཡོད་ལ། སྨན་རྩིས་ཁང་གི་དྲ་རྒྱའི་ནང་དུ་ཏོག་དབྱིབས་གཉན་རིམས་ ༡༩ པར་ཕན་པའི་ཁ་ཟས་དང་། སྨན་གྱི་ཐོ་གཞུང་། ཟུངས་གསོ་བའི་གསོ་རིག་ཐོན་དངོས་སྐོར། བླ་གཉན་ནད་ཡོད་པ་དང་ན་ཚོད་རྒན་གྲས་རྣམས་ཀྱིས་གཟབ་ནན་དགོས་པའི་སྐོར་གནས་ཚུལ་ཞིབ་གསལ་བཀོད་གནང་ཡོད། རྒྱ་གར་ནང་དུ་ཏོག་དབྱིབས་ནད་པ་ཉིན་རེ་བཞིན་ཇེ་མང་འཕེལ་བཞིན་པའི་སྐབས་སུའང་སྨན་རྩིས་ཁང་གིས་འབྲེལ་ཡོད་ཨཱཡུཥ་ལྷན་ཁང་ལ་བོད་ཀྱི་གསོ་བ་རིག་པའི་སྒོ་ནས་གདེང་སྤོབས་ཆེན་པོས་སྨན་བཅོས་ཞབས་འདེགས་ཞུ་ཐུབ་ཀྱི་ཡོད་པ་དང་། ཞུ་ཆོག་པའི་ཕྱག་བྲིས་༢༠༢༠ ཟླ་ ༤ ཚེས་ ༤ དང་ ༨ སོ་སོར་ཕུལ་ཡོད། གཉན་རིམས་ཀྱི་དུས་སུ་སྨན་རྩིས་ཁང་ནས་ནད་པའི་དངོས་ཡོད་དཀའ་ངལ་སེལ་བར་ལས་གཞི་གལ་ཆེན་ཁག་ཅིག་བསྒྲུབས་ཐུབ་ཡོད་པ་མ་ཟད། ཏོག་དབྱིབས་གཉན་རིམས་ལ་བོད་སྨན་གྱི་ཕན་སྐྱེད་འབྱུང་ཚུལ་བདེན་དཔང་ར་སྤྲོད་ཐུབ་པའི་ཉམས་ཞིབ་དགོས་གལ་མཐོང་སྟེ། ཏོག་དབྱིབས་ནད་པ་ཉམས་ཞིབ་ནང་མཉམ་ཞུགས་གནང་འདོད་ཡོད་པ་རྣམས་ལ་ནད་ཡམས་སང་དྲག་མ་ཕྱིན་བར་དུ་སྨན་བཅོས་ཆ་ཚང་རིན་མེད་གནང་རྒྱུའི་མཐུན་རྐྱེན་སྦྱར་ཡོད་སྐོར་དང་། རྒྱ་གར་དཔོན་རིགས་ཤིག་ནས་ལྡི་ལི་སྐུ་ཚབ་དོན་གཅོད་མཆོག་ལ་བཀའ་མངགས་གནང་དོན་ལྟར་། འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡ ཉིན་རྒྱ་གར་འཕྲོད་བསྟེན་བློན་ཆེན་ Dr. Harsh Vardan མཚན་ཐོག་ཕྱག་བྲིས་ཕུལ་ཡོད་སྐོར་བརྗོད་སོང་།

དེ་བཞིན་འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡ ཉིན་ལྷོ་ཕྱོགས་བྷེང་ལོར་ཏཱ་ལའི་བླ་མ་མཐོ་སློབ་ཀྱི་ཉེ་འགྲམ་དུ་གསར་རྒྱག་བྱས་པའི་སྨན་རྩིས་མཐོ་སློབ་དངོས་སུ་དབུ་འབྱེད་དང་སྦྲགས། ད་ལྟའི་ཆར་སྨན་རྩིས་མཐོ་སློབ་དེར་དགེ་ལས་ ༩༩ ཡོད་པ་དང་། སྨན་རྩིས་མཐོ་སློབ་ཁང་དེ་མངའ་སྡེའི་ AYUSH ལྷན་ཁང་ནས་ལམ་སྟོན་གནང་བ་ལྟར། ཀར་ཎ་ཊ་ཀ་མངའ་སྡེའི་རཱ་ཇིབ་གྷན་དྷི་འཕྲོད་བསྟེན་ཚན་རིག་གི་གཙུག་ལག་སློབ་གཉེར་ཁང་གི་ (RGUHS: Rajiv Gandhi University of Health Sciences) ཁོངས་སུ་ངོས་ལེན་ཐོབ་ཐབས་བྱེད་མུས་ཡིན་སྐོར་བརྗོད་སོང་ལ། དྷ་སའི་སྨན་རྩིས་མཐོ་སློབ་ཁང་དེ་བོད་རིགས་མ་ཡིན་པའི་སློབ་མ་རྣམས་ཀྱི་ཆེད་དུ་སྨན་པ་དཀའ་བཅུ་པའི་སློབ་གཉེར་བྱེད་ས་ཞིག་ཏུ་བཅོས་རྒྱུ་ཡིན་འདུགསྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་སྨན་རྩིས་མཐོ་སློབ་ཀྱི་རྩེར་སོན་སློབ་མ་རྣམས་དང་། སྨན་རྩིས་ཁང་གི་ལས་བྱེད་ཞབས་ལོ་ ༣༠ དང་ ༢༠ ལོན་པ་རྣམས་ལ་གཟེངས་བསྟོད་བྱ་དགའ་དང་། སྨན་རྩིས་ཁང་ནས་དཔར་སྐྲུན་ཞུས་པའི་དཔེ་དེབ་དབུ་འབྱེད་གནང་བ་དང་འབྲེལ་གསུང་བཤད་གནང་དོན།  དེ་རིང་དུས་དྲན་གསུམ་འཛོམས་སྐབས་ལ་༧རྒྱལ་བ་རིན་པོ་ཆེ་མཆོག་ལ་ཨ་རིའི་གྲོས་ཚོགས་ངོས་ནས་གསེར་གྱི་གཟེངས་རྟགས་ཕུལ་བ་དེ་ཐོག་མར་༧སྐྱབས་མགོན་རིན་པོ་ཆེ་རྒྱ་གར་དུ་ཆིབས་སྒྱུར་གནང་རྗེས་སྐུ་ལས་བསྐྱོན་ཏེ། ད་ལྟའི་ཆར་ལ་འཛམ་བུ་གླིང་ཡོངས་རྫོགས་ཀྱི་ནང་པའི་རྒྱལ་པོ་དང་ཉི་འོད་ལྟ་བུ་ཆགས་ཡོད་སྐོར་དང་། ང་ཚོའི་དགྲ་རྒྱ་མིའི་ངོས་ནས་༧སྐྱབས་མགོན་རིན་པོ་ཆེ་མཆོག་གི་མཛད་པ་འཕྲིན་ལས་ལ་གནོད་སྐྱེལ་ཐབས་བྱས་ཀྱང་ཉི་འོད་སྤར་མོས་མི་ཁེབས་པའི་དུས་ཚོད་ཅིག་ཤར་ཡོད་པ་དེ། འཛམ་གླིང་ཡོངས་རྫོགས་ཀྱིས་ངོས་འཛིན་བྱས་པ་ནི་འཛམ་གླིང་ཞི་བདེའི་གཟེངས་རྟགས། ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས་དང་། འཛམ་བུ་གླིང་གི་སྙན་གྲགས་ཆེ་བའི་གཟེངས་རྟགས་གྲངས་ལས་འདས་པ་ཕུལ་བ་དེས་༧སྐྱབས་མགོན་རིན་པོ་ཆེ་སྤྱིར་བོད་མི་ཚོའི་བདེ་སྡུག་དང་། ཐོག་མར་རྩ་བ་བཙུགས་པའི་སྐབས་བོད་མིའི་ངོ་བོ་མ་བརླགས་པའི་ཆེད་དུ་རིག་གཞུང་གཙོ་བོར་དམིགས་ནས་སྐུ་ངལ་བསྐྱོན་ཏེ། ད་ལྟའི་འཛམ་བུ་གླིང་ཡོངས་རྫོགས་ཀྱིས་ཁོང་ལ་ཞི་བདེའི་དེད་དཔོན་ཞིག་ལ་ངོས་འཛིན་གནང་གི་ཡོད་སྐོར་དང། ལྷག་པར་དུ་ཏོག་དབྱིབས་གཉན་རིམས་སྐབས། འཛམ་བུ་གླིང་ཡོངས་སུ་སེམས་ཀྱི་གདུང་བ་སེལ་བའི་ལམ་སྟོན་ཞུ་ས་༧གོང་ས་རྒྱལ་བ་རིན་པོ་ཆེ་གཙོ་བོར་བཟུང་ནས། མི་ཚང་མ་འཚང་ཁ་ཤིག་ཤིག་གིས་ཕེབས་པ་དེ་འཛམ་བུ་གླིང་ཡོངས་རྫོགས་ལ་སྟོན་པ་གཉིས་པ་འདྲ་བོ་ཞིག་སྐུ་འཚོ་བཞུགས་བྱུང་བ་འདི། ང་རང་ཚོ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་རྫོགས་ཀྱི་བསོད་ནམས་ཡིན་སྐོར་སོགས་གསུངས་སོང་།

གསར་འགོད་པ། པ་སངས་ཚེ་རིང་། བསྟན་འཛིན་ཕུར་བུ།

བསྐྱར་བཅོས།: ༢༠༢༠/༡༠/༡༧

Leave a Reply