ལྕམ་ཨཱར་དི་རཱེན་མཆོག་ལ་འོས་བསྡུའི་རྒྱལ་ཁ་ཐོབ་པར་འཚམས་འདྲི་མཛད།

ནེའུ་ཛི་ལེན་ཌིའི་སྲིད་བློན་ལས་ཐོག་ལྕམ་ཨཱར་དི་རཱེན་མཆོག་སྲིད་བློན་དུ་བསྐྱར་འདེམས་བྱུང་བར་༧གོང་ས་མཆོག་གིས་མི་མང་གི་རེ་བ་དང་མངོན་འདོད་བསྒྲུབ་རྒྱུའི་དཀའ་ཚེགས་ཀུན་ལས་རྣམ་པར་རྒྱལ་ཐུབ་པའི་ཐུགས་སྨོན་མཛད་འདུགཟླ་འདིའི་ཕྱི་ཚེས་ ༡༧ ཉིན་ནེའུ་ཛི་ལེན་ཌི་རྒྱལ་ཁབ་ཀྱི་རྒྱལ་ཡོངས་འོས་བསྡུའི་ཁྲོད། ད་ལྟའི་ལས་ཐོག་སྲིད་བློན་ལྕམ་ཇཱེ་སིན་ཌ་ཨཱར་དི་རཱེན་ (Jacinda Ardern) མཆོག་གིས་དབུ་ཁྲིད་པའི་ངལ་རྩོལ་ཚོགས་པར་ (Lobour Party) ལོ་རྒྱུས་རང་བཞིན་ལྡན་པའི་ཚད་མཐོའི་རྒྱལ་ཁ་ཐོབ་ཡོད་སྟབས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཚམས་འདྲིའི་གསུང་འཕྲིན་ཞིག་བསྩལ་འདུག་པའི་ནང་། ལྕམ་ཨཱར་དི་རཱེན་མཆོག་ནས་ནེའུ་ཛི་ལེན་ཌིའི་མི་མང་གི་རེ་བ་དང་མངོན་འདོད་བསྒྲུབ་རྒྱུའི་དཀའ་ཚེགས་ཀུན་ལས་རྣམ་པར་རྒྱལ་ཐུབ་པའི་ཐུགས་སྨོན་མཛད་འདུག

གསུང་འཕྲིན་ནང་༧མགོན་པོ་མཆོག་གིས། ཁྱེད་ཀྱིས་དཀའ་སྡུག་ཅན་གྱི་དུས་སྐབས་འདིར་སྙིང་སྟོབས་དང་། ཤེས་རབ། མགོ་འཁྲིད་ཀྱི་ནུས་པ་བཏོན་པ་དེར་ཡིད་སྨོན་བྱེད་ཀྱི་ཡོད། ལྷག་པར་དུ་ཁྱེད་ཀྱིས་གཉན་འཕྲང་ཅན་གྱི་གནས་སྐབས་སུ་གཞན་ལ་ཞི་འཇམ་དང་། བྱམས་བརྩེ། བརྩི་བཀུར་ཡོད་པའི་ཐོག་ནས་གདོང་ལེན་བྱས་པ་དེར་ངོས་རང་གིས་བསྔགས་བརྗོད་བྱེད་ཀྱི་ཡོད། ཅེས་དང་། ངོས་རང་ཁྱེད་ཀྱི་མཛེས་སྡུག་ལྡན་པའི་རྒྱལ་ཁབ་ནང་ཐེངས་འགར་བསྐྱོད་སྐབས། འཚོ་བའི་རྒྱབ་ལྗོངས་མི་འདྲ་བའི་མི་རྣམས་ཀྱིས་གུ་ཡངས་དང་བརྩེ་བ་བཏོན་པ་དེས་ང་རང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་ལ། ཁོང་ཚོས་ངོས་ཀྱི་འགྲོ་བ་མིའི་རིགས་ཀྱི་གཅིག་འདུ་ཤེས་གོང་འཕེལ་དང་། ཆོས་ལུགས་མཐུན་སྒྲིལ་དགོས་པའི་བསམ་ཚུལ་ལ་དགའ་མོས་བྱས་པ་དེས། ངོས་རང་ལ་སྐུལ་འདེད་ཆེན་པོ་བྱུང་། ཞེས་གསུངས་འདུག

དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་ཀྱང་ལྕམ་ཨཱར་དི་རཱེན་ལ་འཚམས་འདྲི་གནང་བའི་ནང་། ད་ལན་གྱི་འོས་བསྡུའི་ནང་ཁྱེད་ལ་ཚད་མཐོའི་རྒྱལ་ཁ་ཐོབ་པ་དེས། ནེའུ་ཛི་ལེན་ཌིའི་མི་མང་གིས་ཁྱེད་ཀྱི་དབུ་འཁྲིད་དང་ངལ་རྩོལ་ཚོགས་པར་སྤོབས་པ་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་གསལ་པོར་མཚོན་ཐུབ་ཡོད་པ་དང་། གཉན་འཕྲད་ཅན་གྱི་དུས་སྐབས་འདིར་ཁྱེད་ཀྱིས་སྟིང་སྟོབས་དང་བྱམས་བརྩེའི་ཐོག་ནས་རང་གི་རྒྱལ་ཁབ་བསྐྱངས་ཡོད་པ་དང་། འཛམ་གླིང་འདིར་ཁྱེད་ལྟ་བུའི་དབུ་འཁྲིད་དགོས་གལ་ཆེ། ཞེས་དང་། ནེའུ་ཛི་ལེན་ཌའི་གཞུང་མང་གཉིས་ནས་གཏོང་ཕོད་བྱས་པར་བརྟེན། ད་ལྟ་དེར་འཁོད་བོད་མི་རྣམས་ཀྱིས་ནེའུ་ཛི་ལེན་ཌི་དེ་རང་གི་ཁྱིམ་ཚང་གཉིས་པར་འབོད་ཀྱིན་ཡོད་པ་དང་། ད་བར་ནེའུ་ཛི་ལེན་ཌིའི་མི་མང་རྣམས་འདས་པའི་ལོ་མང་རིང་ནས་བོད་ཀྱི་རྩ་དོན་ལ་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་འདུག ཡུལ་དེའི་འདི་ལོའི་རྒྱལ་ཡོངས་འོས་བསྡུའི་ནང་མི་གྲངས་ས་ཡ་ ༡ ལྷག་གིས་འོས་ཤོག་འཕངས་ཏེ། ལྕམ་ཨཱར་དི་རཱེན་མཆོག་གི་ངལ་རྩོལ་ཚོགས་པར་འོས་ཤོག་གི་བརྒྱ་ཆ་ ༤༩།༡ ཐོབ་སྟེ། སྲིད་དོན་ཚོགས་པ་རྐྱང་པས་གཞུང་འཛིན་ཆོག་པ་བྱུང་ཡོད་ནའང་། སྲིད་བློན་ཨཱར་དི་རཱེན་མཆོག་གིས་ཚོགས་པ་གཞན་ལ་མཉམ་འབྲེལ་གྱིས་གཞུང་འཛིན་རྒྱུ་ཡིན་པའི་གསལ་བསྒྲགས་གནང་ཡོད་འདུག གཞན་ཡང་། ཐེངས་འདིའི་འོས་བསྡུའི་ཁྲོད་ཁ་གཏད་རྒྱལ་ཡོངས་ཚོགས་པར་(National Party) འོས་ཤོག་བརྒྱ་ཆ་ ༢༦།༨ མ་གཏོགས་ཐོབ་མེད་པ་རེད།སྲིད་བློན་ལྕམ་ཇཱེ་སིན་ཌ་ཨཱར་དེ་རཱེན་མཆོག་གིས་ད་ལན་གྱི་འོས་བསྡུ་དང་འབྲེལ། འདས་པའི་ལོ་ངོ་ ༥༠ ལྷག་གི་ཁྲོད་ནས་ད་ཐེངས་ནེའུ་ཛི་ལེན་ཌི་རྒྱལ་ཁབ་ཀྱིས་ངལ་རྩོལ་ཚོགས་པར་རྒྱབ་སྐྱོར་ཤུགས་ཆེ་ཤོས་བྱས་ཡོད། ང་ཚོས་ཁྱེད་ཅག་གི་རྒྱབ་སྐྱོར་རྣམས་ཡིན་ཤག་ཤག་བྱ་རྒྱུ་མིན། ངས་ང་ཚོའི་ཚོགས་པ་འདི་ནེའུ་ཛི་ལེན་ཌིའི་མི་སེར་ཚང་མའི་ཚབ་མཚོན་ཐུབ་པའི་ཚོགས་པ་ཞིག་ཡོང་རྒྱུར་ཁས་ལེན་བྱ་རྒྱུ་ཡིན། ཞེས་གསུངས་འདུག

མི་མང་པོས་འདི་ལོའི་འོས་བསྡུའི་རྒྱལ་ཁ་དེ་ངལ་རྩོལ་ཚོགས་པར་ཐོབ་ངེས་ཡིན་པའི་ཚོད་དཔག་སྔར་ནས་བྱེད་ཀྱི་ཡོད་ལ། དབྱེ་ཞིབ་པས་ད་ཐེངས་ལྕམ་ཨཱར་དི་རཱེན་མཆོག་ལ་ཚད་མཐོའི་འོས་ཤོག་ཐོབ་དོན་གཙོ་བོ་ནི། ཁོང་མོས་སྣེ་ཁྲིད་པའི་སྲིད་གཞུང་གིས་འདི་ལོའི་ཏོག་དབྱིབས་གཉན་རིམས་སྟངས་འཛིན་ལེགས་པོ་བྱུང་ཡོད་པ་མ་ཟད། དེར་འཛམ་གླིང་གི་མགོ་འཁྲིད་དང་ཚོགས་སྡེ་ཁག་གིས་ངོས་འཛིན་བཟང་པོ་ཐོབ་པའི་དབང་གིས་ཡིན་སྐོར་བརྗོད་ཡོད་པ་རེད། ལྕམ་ཨཱར་དི་རཱེན་མཆོག་གིས་འདས་པའི་ལོ་ ༣ ནང་སྲིད་བློན་བྱས་པའི་རིང་། ཡུལ་དེར་མེ་རི་འཕྱུར་བའི་གོད་ཆག་ཆེན་པོ་བྱུང་ཡོད་ལ། འདས་ལོའི་ཕྱི་ཟླ་ ༣ པའི་ནང་ཡུལ་དེའི་ཁ་ཆེ་ལྷ་ཁང་གཉིས་ནང་དྲག་སྤྱོད་པའི་དོན་རྐྱེན་བྱུང་བ། དེ་བཞིན་འདི་ལོའི་རྒྱ་ཁྱབ་གཉན་རིམས་བཅས་དོན་རྐྱེན་ཆེན་པོ་གསུམ་བྱུང་བའི་ཁྲོད། ཁོང་མོས་བྱམས་བརྩེ་དང་ཞི་འཇམ་ལྡན་པའི་སྒོ་ནས་གདོང་ལེན་བྱས་པ་དེར། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གཙོས་པའི་འཛམ་གླིང་དབུ་འཁྲིད་དང་མི་མང་པོའི་བསྔགས་བརྗོད་ཆེན་པོ་ཐོབ་ཡོད་པ་རེད།

འོན་ཀྱང་དབྱེ་ཞིབ་པ་ཁག་ཅིག་གིས། ལྕམ་ཨཱར་དི་རཱེན་མཆོག་གི་སྲིད་བློན་ལས་ཡུན་གཉིས་པའི་སྐབས་གདོང་ལེན་བྱ་སའི་གནད་དོན་སྔར་བས་ཆེ་བ་ཞིག་ཡོད་སྐོར་རྗོད་ཀྱིན་འདུག ད་ལྟ་ནེའུ་ཛི་ལེན་ཌི་རྒྱལ་ཁབ་འདི་དཔལ་འབྱོར་ཉམས་རྒུད་ (Recession) ཀྱི་གནས་སུ་ལྷུང་ཡོད་པ་མ་ཟད། ཁ་གཏད་ཚོགས་པས་ད་ལྟའི་སྲིད་གཞུང་ལ་ཏོག་དབྱིབས་གཉན་རིམས་ལས་གྲོལ་ཏེ་རྒྱལ་ཁབ་ཀྱི་དཔལ་འབྱོར་བསྐྱར་གསོའི་འཆར་གཞི་གསལ་པོ་ཞིག་མེད་སྐོར་སྐྱོན་བརྗོད་བྱེད་ཀྱི་ཡོད་སྟབས། ལྕམ་ཨཱར་དི་རཱེན་མཆོག་གི་ཕྲག་པར་དཔལ་འབྱོར་སླར་གསོའི་འགན་འཁྲི་ཆེན་པོ་ཞིག་བབས་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༡༠/༡༩

Leave a Reply