བོད་ཀྱི་ཆབ་སྲིད་བཙོན་ཟུར་གྲཊ་ཅན་སྟག་སྣ་འཇིགས་མེད་བཟང་པོ་ལགས་སུ་བཅར་འདྲི། (བསྐྱར་སྤེལ་རྗེས་དྲན།)

ཟླ་འདིའི་ཕྱི་ཚེས་ ༡༧ ཉིན། བོད་ཀྱི་ཆབ་སྲིད་བཙོན་ཟུར་གྲགས་ཅན་སྟག་སྣ་འཇིགས་མེད་བཟང་པོ་ལགས་ཡུ་རོབ་སུད་སི་རྒྱལ་ཁབ་ཀྱི་ཛི་རིག་གྲོང་ཁྱེར་ནང་ཡོད་པའི་ས་གནས་(Turbenthal)ཞེས་པའི་རྒན་གསོ་ཁང་ཞིག་ཏུ་སྐུ་གྲོངས་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་དབུས་པའི་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་། སྤྱི་ཚོགས་དྲ་མང་དུ་མི་མང་པོས་དམ་པ་ཁོང་གི་བོད་དོན་འཐབ་རྩོད་ཀྱི་སྙིང་སྟོབས་དང་མི་རིགས་ལ་བཅིངས་བའི་ལར་ཞེན་སོགས་ལ་རྗེས་དྲན་དང་ཡི་རང་ཞུ་བཞིན་འདུག

ཕྱི་ལོ་ ༢༠༡༢ ལོའི་ཟླ་ ༤ པའི་ནང་འདི་ག་དུས་བབ་གསར་ཁང་ནས་སྟག་སྣ་འཇིགས་མེད་བཟང་པོ་ལགས་སུ་བཅར་འདྲི་ཞུས་པ།

དྲི་བ། སྟག་སྣ་ཞེས་པའི་ཁྱིམ་རྒྱུད་ཀྱི་མཚན་འདི་ནི་བོད་པའི་ལོ་རྒྱུས་ནང་མང་པོ་མཇལ་རྒྱུ་འདུག རྒན་ལགས་ཀྱིས་སོ་སོའི་མི་ཚང་གི་ལོ་རྒྱུས་ཐུང་ཐུང་ཞིག་ངོ་སྤྲོད་གནང་རོགས། 

ལན། ངའི་མི་ཚང་གི་མིང་ལ་སྟག་སྣ་ནང་པ་ཟེར། དེང་སྐབས་ལྷ་རྩེ་རྫོང་ཁོངས་སུ་ཡོད་པའི་གཞིས་ཆེན་སྟག་སྣ་ཞེས་པ་དེ་རེད། ང་རང་གིས་སྤྱིར་མི་ཚང་གི་ལོ་རྒྱུས་ཞིབ་ཕྲ་བ་བཤད་ཤེས་ཀྱི་མེད་ལ། ང་རང་ལོ་མང་པོར་བཙོན་ཁང་ནང་སྡོད་དགོས་བྱུང་རྐྱེན་ལོ་རྒྱུས་ལ་ཞེ་དྲགས་ལྟ་མྱོང་མེད། ཡིན་ནའང་། བོད་ཀྱི་ལོ་རྒྱུས་ཁྲོད་ནང་པ་བཅུ་གསུམ་ལ་སོགས་ནང་པ་མང་པོ་ཞིག་བྱུང་འདུག་པའི་གྲས་ཀྱི་གཅིག་རེད། སྟག་སྣ་ནང་ཆེན་ཟེར་བ་ཞིག་ཆོས་རྒྱལ་ཁྲི་རལ་གྱི་བློན་པོ་བྱས་མྱོང་ཡོད་པ་དང་། རྗེས་སུ་ཆོས་རྒྱལ་ཁྲི་རལ་ལ་མཆོད་ཆང་ཕུལ་ཞོར་དབུ་གཅུས་ཏེ་སྐུ་བཀྲོངས་མཁན་གྱི་གྲས་སུ་ཡོད་སྐོར་གྱི་ལོ་རྒྱུས་ཤིག་འདུག  གང་ལྟར་བཙན་པོའི་དུས་སྐབས་ནས་བཟུང་སྟེ་ལོ་རྒྱུས་བརྒྱུད་རིམ་མང་པོ་བརྒྱུད་མཐར། རིམ་པས་དགའ་ལྡན་ཕོ་བྲང་གི་སྐབས་སུའང་བོད་གཞུང་གི་ལས་ཀ་བྱས་ཡོད་འདུག  ང་རང་གི་མི་ཐོག་འདིའི་ཐད་ནས་བཤད་ན། ངའི་ཕ་སྟག་སྣ་རྣམ་རྒྱལ་ཚེ་དབང་ངམ་རྣམ་རྒྱལ་དོན་གྲུབ་ལགས་ཀྱིས་ཕྱི་ལོ་ ༡༩༠༧ ནས་བོད་གཞུང་ལ་ཞབས་སྡོད་ཞུས་ཏེ། གསང་སྔགས་ཆོས་འཛོམས་དང་ཆུ་ཤུར་གོང་དཀར་རྫོང་གཉིས་ཀྱི་རྫོང་དཔོན་གནང་ཡོད་པ་དང་། ང་རང་ལོ་དྲུག་ལ་སོན་སྐབས་ཁོང་ད་ལྟའི་རྫ་ཡུལ་རྫོང་དུ་སྐུ་གཤེགས་འདུག ངའི་ཨ་ཁུ་སྟག་སྣ་མདའ་དཔོན་ལགས་ཀྱིས་སྤོ་བོ་ཀཿགནམ་རྒྱལ་པོས་བོད་གཞུང་ལ་ངོ་ལོག་བྱས་སྐབས། བོད་གཞུང་གི་དམག་དཔོན་མཛད་དེ་ངོ་ལོག་པར་དྲག་གནོན་ཆེད་བསྐྱོད་ཡོད་ཀྱང་། དམག་རྒྱག་སྟངས་ཡག་པོ་མ་བྱུང་པར་ཕམ་ཉེས་བྱུང་བར་བརྟེན། ཁོ་རང་དམག་མིའི་གདོང་ལ་བུད་དེ་དམག་འཐབ་བྱས་མཐར་དམག་ས་རང་ནས་སྐུ་བཀྲོངས་འདུག  ངའི་ཕུ་བོ་སྟག་སྣ་འཇིགས་མེད་སྲི་གཅོད་རྡོ་རྗེ་ཡིས་བོད་གཞུང་གི་གྲོང་མགོ་བྱས་ཏེ་དགུང་ལོ་ ༣༧ སྟེང་ཧོར་སྦྲ་ཆེན་རྫོང་དུ་སྐུ་གཤེགས་འདུག  ང་རང་གི་ཨ་མ་ལགས་ནི་ ༦༢ ལོར་སྐུ་གཤེགས་པ་རེད།  ང་རང་སྔོན་མ་ཉག་རོང་ཤག་ཅེས་པའི་སྒེར་གྱི་སློབ་གྲྭ་དེར་ཕྱིན་པ་ཡིན། སྐབས་དེར་སློབ་གྲྭ་དེའི་དགེ་རྒན་སྨན་པ་ཞིག་རེད། ཁོང་གི་སློབ་མ་ཀུན་དགའ་འགྱུར་མེད་དང་བྱམས་པ་དོན་ལྡན་སོགས་འགའ་ཤས་ཀྱང་དེང་སྐབས་སྨན་པ་ཆགས་འདུག ང་རང་གིས་བར་སྐབས་ཤིག་ལ་ལྷ་ས་སློབ་ཆུང་དང་པོའི་ནང་དགེ་རྒན་གྱི་ཕྱག་ལས་གཉེར་ཡང་རྗེས་སུ་བཙོན་འོག་ཏུ་ཚུད་པ་རེད།

དྲི་བ། རྒན་ལགས་དང་ཐོག་བཙོན་ཁང་དུ་ཅི་ལྟར་ཚུད་སོང་། བཙོན་འཇུག་བྱེད་དགོས་པའི་རྒྱུ་རྐྱེན་གཙོ་བོ་ག་རེ་ཡིན་ནམ། 

ལན། ཕྱི་ལོ་ ༡༩༦༥ ཟླ་ ༨ ཚེས་ ༡༥ ཉིན་ང་རང་ཐོག་དང་པོར་རྒྱ་གཞུང་གིས་བཙོན་འཇུག་བྱས་སོང་། བཙོན་ལ་ཚུད་དགོས་དོན་ནི་དེ་དུས་གཙང་བཞི་ཟེར་བའི་ལས་འགུལ་ཞིག་སླེབས་ཡོད་པ་རེད། དེ་དང་སྟབས་བསྟུན་ནས་པཎ་ཆེན་རིན་པོ་ཆེ་ལ་ངོ་རྒོལ་དགག་རྒྱག་གི་ལས་འགུལ་ཞིག་ཀྱང་བརྩམས་སོང་། དགག་རྒྱག་གི་ལས་འགུལ་དེའི་ཐོག་ངས་པཎ་ཆེན་རིན་པོ་ཆེར་སྐྱོན་བརྗོད་མ་བྱས་པར། ༡༩༥༩ ལོར་རྒྱས་བོད་པ་རྐུབ་འོག་ལ་བཅུག་པ་ནས་བཟུང་། རྒྱ་མིའི་འདོད་པ་ནང་བཞིན་བོད་པ་ཚོར་སྐད་ཆ་གང་བྱུང་མང་བྱུང་བཤད་འཇུག་གི་འདུག སྔོན་མ་ཏཱ་ལའི་བླ་མ་དང་པཎ་ཆེན་རིན་པོ་ཆེ་གཉིས་ཀྲུང་དབྱང་ནང་ལས་ཀ་ཡོད་པའི་མགོ་ཁྲིད་ཨུ་ཡོན་ཀྲང་དང་ཨུ་ཡོན་ཀྲང་གཞོན་པའི་གྲས་རེད། རྒྱ་བོད་མི་རིགས་ཚང་མས་བརྩི་བཀུར་ཞུ་དགོས་པ་དེ་འདྲ་ཆགས་ཡོད། ད་ལྟ་ཏཱ་ལའི་བླ་མ་བཞུགས་ཡོད་པ་མ་རེད། པཎ་ཆེན་རིན་པོ་ཆེར་སྐྱོན་བརྗོད་བྱས་ཟེར་བ་དེ་ང་རང་ངོས་ནས་ལམ་སང་ངོས་ལེན་བྱེད་ཐུབ་ཀྱི་མི་འདུག  སློབ་སྦྱོང་ཡག་པོ་ཞིག་བྱས་རྗེས་གཞི་ནས་སྐྱོན་བརྗོད་བྱས་ན་མ་གཏོགས། ད་ལྟའི་ཆར་སྐྱོན་བརྗོད་བྱེད་དགོས་པའི་རྒྱུ་མཚན་ཡིག་ཆ་གང་ཡང་ངས་མཐོང་མ་སོང་ཞེས་ལབ་ཡིན། དེར་བརྟེན། ཁོ་ཚོས་ངའི་ལོ་རྒྱུས་གཙང་མ་མི་འདུག  ལས་འགུལ་སྐབས་པཎ་ཆེན་རིན་པོ་ཆེར་དགག་རྒྱག་མ་བྱས་པར་རྒྱས་བོད་རིགས་རྐུབ་འོག་ལ་བཅུག་པ་རེད་སོགས། མི་རིགས་ཕྱོགས་ལྷུང་རིང་ལུགས་ཀྱི་བསམ་བློ་ཁྱེར་ནས་སྐད་ཆ་བཤད་སོང་ཞེས་བརྗོད་དེ།   ང་ལ་ལོ་གསུམ་གྱི་བཙོན་འཇུག་ཉེས་ཆད་བཅད་སོང་།

དྲི་བ། སྐབས་དེར་རྒྱ་གཞུང་གིས་པཎ་ཆེན་རིན་པོ་ཆེར་དགག་རྒྱག་འཐབ་རྩོད་བྱེད་སྟངས་ཀྱི་རྣམ་པ་དེ་ག་འདྲ་ཞིག་ཡོད་པ་རེད་དམ།

ལན། ༡༩༦༤ ལོ་ནས་བཟུང་པཎ་ཆེན་རིན་པོ་ཆེར་དགག་པ་རྒྱག་མགོ་བརྩམས་པ་རེད། ཐོག་མར་མང་ཚོགས་ལ་པཎ་ཆེན་རིན་པོ་ཆེས་བོད་རང་བཙན་ཟེར་གྱིན་འདུག  ཁོ་ལོག་སྤྱོད་པ་རེད་ཅེས་བསྒྲགས་རྗེས། དང་ཐོག་གཏམ་རྒྱུད་གྱི་ལམ་ནས་པཎ་ཆེན་རིན་པོ་ཆེ་བུ་མོ་མཛེས་མ་དང་མཉམ་དུ་བསྡད་ཚུལ་དང་ཁོང་བླ་མ་མིན་སྐོར་འཁྲབ་སྟོན་བྱས་སོང་། དེ་བཞིན། གུང་ཁྲན་ཏང་ལྷ་མེད་སྨྲ་བ་ཡིན་སྟབས་ཆོས་ལུགས་ལ་གནོད་སྐྱོན་བཟོ་རྒྱུ་ཡིན་པ་དེ་པཎ་ཆེན་རིན་པོ་ཆེ་ཡིས་སྔོན་ནས་མཁྱེན་ཏེ། སྙེ་ཐང་སྒྲོལ་མ་ལྷ་ཁང་གི་སྒྲོལ་མ་དང་། པཎ་ཆེན་ན་རོ་པའི་སྐབས་བོད་ལ་གདན་དྲངས་པའི་སྟོད་ལུང་གཡམ་ར་རྫའི་རྣལ་འབྱོར་མ། རྭ་སྒྲེང་ཇོ་བོ་སོགས་རྟེན་གཙོ་མང་པོ་ཁོང་གི་བླ་བྲང་དུ་གདན་དྲངས་ཏེ་སྲུང་སྐྱོབ་བྱས་ཡོད་པ་རྣམས་འགྲེམས་སྟོན་བྱེད་ཞོར། པཎ་ཆེན་རིན་པོ་ཆེ་ཡིས་རྐུན་མ་བརྐུས་པ་རེད་ཟེར་ནས་དགག་རྒྱག་དམའ་འབེབས་ཧ་ལས་པ་བྱས་པར་མ་ཟད། པཎ་ཆེན་རིན་པོ་ཆེས་སློབ་གྲྭ་མང་པོ་བཙུགས་ཡོད་པའི་གྲས་ཀྱི་འཕྲུལ་འཁོར་སློབ་གྲྭའི་ནང་ས་གདན་དང་། ཚེམ་བཟོ་རྒྱག་པ། གྲི་བཟོ་བ། འཕྲུལ་ཆས་རིག་ཞིག་གསོ་སོགས་ཐོན་ལས་འདྲ་མིན་བཟོ་བཞིན་པ་རྣམས་ཀྱང་ཕྱིར་བཏོན་ཏེ། པཎ་ཆེན་གྱིས་གུང་ཁྲན་ཏང་ལ་རྒོལ་འཛིང་བྱ་འདོད་ཡོད་པ་རེད་ཅེས་བརྗོད་དེ་དགག་རྒྱག་ལས་འགུལ་ཤུགས་ཆེན་པོ་སྤེལ་སོང་།

དྲི་བ། ༧པཎ་ཆེན་རིན་པོ་ཆེར་དགག་རྒྱག་བྱེད་དགོས་པའི་རྒྱུ་རྐྱེན་གཙོ་བོ་གང་ལ་ཐུག་ཡོད་པ་རེད་དམ།

ལན། ༧པཎ་ཆེན་རིན་པོ་ཆེ་ཡིས་ཡིག་འབྲུ་ཁྲི་བདུན་བྲིས་ཏེ་ ༡༩༦༤ ཙམ་ལ་སྤྱི་ཚོགས་ནང་བཀྲམ་པ་རེད། ༡༩༦༢ ལོར་༧པཎ་ཆེན་རིན་པོ་ཆེ་ཨ་མདོ་ལུང་པར་ཕེབས་སྐབས་ཤིག་ལ། ཨ་མདོ་རྒན་པོ་ཞིག་གིས་ཁོང་གི་མདུན་ནས་ལག་པ་ཐལ་མོ་སྦྱར་ཏེ། “བོད་ཁ་བ་ཅན་བརླག་ཏུ་མ་འཇུག སངས་རྒྱས་བསྟན་པ་སྟོང་དུ་མ་འཇུག  འགྲོ་བ་མི་རྣམས་ལྟོགས་སུ་མ་འཇུག” ཅེས་སྨོན་ལམ་ཚིག་གསུམ་བརྒྱབ་འདུག པཎ་ཆེན་རིན་པོ་ཆེས་དེ་གསན་མ་ཐག་ཡ་མཚན་དང་རྒྱ་ནག་གིས་བཅིངས་འགྲོལ་བཏང་ཟེར་བ་དེར་དོགས་པ་སྐྱེས་ཤིང་། ཁོང་སྐུ་དངོས་ཀྱིས་ཞིབ་འཇུག་གནང་སྟེ་མང་ཚོགས་ལ་ལྟོགས་སྐོམ་མནར་གཅོད་བྱུང་ཡོད་པ་མཁྱེན་རྟོགས་བྱུང་འདུག  ཐ་ན་བོད་པའི་གྲོང་ཚོ་འགའ་ཤས་ནང་ལོ་གསུམ་ལྷག་གི་རིང་གྲོང་ཚོ་ཡོངས་སུ་བྱིས་པ་ ༢ མ་གཏོགས་སྐྱེས་ཐུབ་མེད་པའི་གནས་སྟངས་བྱུང་ཡོད་པ་རེད། དེར་བརྟེན། པཎ་ཆེན་རིན་པོ་ཆེས་བོད་པའི་ས་ཕྱོགས་གང་སར་ཕེབས་ཏེ་དངོས་ཡོད་གནས་སྟངས་སྐོར་གྱི་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་བྲིས་ཏེ་ཀྲུའུ་ཨན་ལེར་ཕུལ་ཡོད་པ་རེད། དེའི་སྐོར་ ༡༩༨༦ ཟླ་ ༣ ཚེས་ ༣༠ ཉིན་གྱི་བོད་ལྗོངས་ཉིན་རེའི་ཚགས་པར་སྟེང་། རང་སྐྱོང་ལྗོངས་མི་མང་སྲིད་གྲོས་ཁང་ནང་ང་ཕོད་ཀྱིས་བཤད་པའི་སྐབས་དེའི་ལོ་རྒྱུས་ཆ་ཚང་ཞིག་བཀོད་ཡོད་པ་རེད། དེའི་ནང་ཀྲུའུ་ཨན་ལེ་ཡིས་པཎ་ཆེན་རིན་པོ་ཆེ་དང་ང་ཕོད། བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ཀྲུའུ་རིན་ཀྲིན་གསུམ་འབོད་འགུགས་ཀྱིས་ཚོགས་འདུ་ཚོགས་ཏེ། པཎ་ཆེན་རིན་པོ་ཆེས་ཕུལ་བའི་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་དེ་ངོས་ལེན་དང་འབྲེལ་བའི་ཐོག་ནས། པཎ་ཆེན་རིན་པོ་ཆེ་བོད་ནང་ཕེབས་ཏེ་དམངས་གཙོའི་བཅོས་བསྒྱུར་བཏང་ནས་ད་ལྟའི་བར་དུ་ཆོས་ལུགས་ཐོག་གནོན་སྐྱོན་དང་དགེ་མཚན་ག་རེ་བྱུང་ཡོད་མེད་ཐད་བསྐྱར་དུ་ཞིབ་འཇུག་སྙན་ཞུ་འབུལ་དགོས་པ་དང་།ང་ཕོད་ཀྱིས་མངའ་བདག་དང་མངའ་ཚབ་ཚོའི་ནང་ནས། ཡར་ཐོན་པ་དང་ཟིང་འཁྲུག་ནང་ཚུད་མཁན་རྣམས་ལ་དམིགས་བསལ་གྱི་རྡུང་རྡེག་ག་རེ་ཕོག་ཡོད་མེད་དང་། ཁོ་ཚོར་མི་མང་སྤྱི་དང་མཚུངས་པའི་སྲིད་ཇུས་ག་རེ་སྤེལ་ཡོད་མེད་སྐོར་ལ་ཞིབ་འཇུག་སྙན་ཞུ་འབུལ་དགོས་པ། ཀྲུའུ་རིན་ཀྲིན་གྱིས་དམངས་གཙོ་བཅོས་བསྒྱུར་བཏང་ནས་ད་ལྟ་བར་རྒྱ་རིགས་ཚོའི་ངོས་ནས་བོད་པར་ལེགས་ཉེས་ཀྱི་ལས་དོན་ག་རེ་སྒྲུབ་ཡོད་མེད་ཐོག་ཞིབ་འཇུག་སྙན་ཞུ་འབུལ་དགོས་པ་སོགས་ཀྱི་བཀའ་ཕབ་སྟེ་ཕྱིར་བོད་ལ་བཏང་ཡོད་པ་རེད། ཡིན་ནའང་། ཏང་ཀྲུང་དབྱང་དང་མི་དམངས་སྲིད་གཞུང་གཉིས་གཅིག་པ་མིན་པར། མའོ་ཏང་ཀྲུང་དབྱང་གི་མགོ་བ་དང་ཀྲུའུ་ཨན་ལེ་མི་དམངས་སྲིད་གཞུང་གི་མགོ་བ་ཡིན་སྟབས། ཁོང་ཚོ་ནག་ཆུ་ལ་སླེབས་དུས་ཀྲུང་དབྱང་གི་དར་འཕྲིན་ཞིག་འབྱོར་ཏེ་ཀྲུའུ་ཨན་ལེ་ཡིས་སྐུལ་པའི་ལས་ཀ་དེ་བྱེད་མི་དགོས། པཎ་ཆེན་གནམ་གྲུའི་མཇུག་སྒྲོ་ལས་ཀྱང་མཐོ་བ་འདུག  ང་ཚོས་ཁོ་ལ་ཁྲིམས་གཅོད་གཏོང་གི་ཡིན་ཞེས་བཀའ་ཕབ་འདུག དེ་ལྟར་ ༡༩༦༤ ལོར་༧པཎ་ཆེན་རིན་པོ་ཆེ་པེ་ཅིན་དུ་ཁྲིད་དེ་ཁྲིམས་འཇུག་བྱས་པར་མ་ཟད། སྤྱི་ཚོགས་ཐོག་པཎ་ཆེན་རིན་པོ་ཆེར་དགག་རྒྱག་འཐབ་རྩོད་ཀྱི་ལས་འགུལ་སྤེལ་བ་རེད།

དྲི་བ། རྒན་ལགས་ཀྱིས་པཎ་ཆེན་རིན་པོ་ཆེའི་སྐོར་གྱི་གནས་ཚུལ་མང་པོ་མཁྱེན་གྱི་འདུག སྐུ་ཉིད་༧པཎ་ཆེན་རིན་པོ་ཆེར་དམིགས་བསལ་གྱི་ཐུགས་འདྲིས་དེ་འདྲ་ཡོད་དམ།

ལན། ངས་༧པཎ་ཆེན་རིན་པོ་ཆེའི་གནས་ཚུལ་དེ་དག་ཤེས་དགོས་དོན་ནི། ང་རང་བཙོན་དུ་སྡོད་སྐབས་གཙང་ངམ་རིང་ཆོས་སྡེ་དགོན་པའི་གྲྭ་བློ་བཟང་དང་ངེད་གཉིས་གསང་ཡབ་བཙོན་ཁང་ནང་ཉལ་ས་གཅིག་པ་རེད། ཁོང་དེ་སྔོན་༧པཎ་ཆེན་རིན་པོ་ཆེ་དགུང་ལོ་བཞིའི་སྐབས་ནས་བཟུང་སྟེ་ཞབས་ཞུར་རྒྱུགས་ཏེ། ༧པཎ་ཆེན་རིན་པོ་ཆེ་ལ་སྐྱོན་ཆ་མ་བྱུང་བའི་བར་དུ་རིན་པོ་ཆེ་དང་མཉམ་དུ་ཕྱག་ལས་གནང་མཁན་རེད། སྐབས་དེར་ཛ་སག་ལྷ་སྨོན་དང་ཛ་སག་ཅཱིན་འཇིགས་མེད། ༧པཎ་ཆེན་རིན་པོ་ཆེའི་ཡོངས་འཛིན་དངུལ་ཆུ་རིན་པོ་ཆེ་བཅས་བསམ་ཡས་ལྟ་སྲུང་ཁང་ནང་བཙོན་འཇུག་དང་། གྲྭ་བློ་བཟང་ཟླ་བ་དང་སངས་ཁོ་བཅས་ང་དང་མཉམ་དུ་གསང་ཡབ་བཙོན་ཁང་དུ་བཅུག་པ་རེད། ༧པཎ་ཆེན་རིན་པོ་ཆེའི་འཕྲུལ་ཆས་བཟོ་གྲྭའི་ལས་མི་ཁ་ཤས་ཀྱིས་པཎ་ཆེན་རིན་པོ་ཆེར་ཁ་བཏང་སྟེ་བཙོན་ལ་ཚུད་ཡོད་པ་མ་རེད་མ་གཏོགས། གཞན་ཚང་མ་ཆབ་སྲིད་ཀྱི་ཞྭ་མོ་གཡོགས་ཏེ་ལས་ཀར་སྐུལ་ཡོད་པ་རེད། དེ་ལྟར་༧པཎ་ཆེན་རིན་པོ་ཆེའི་འཁོར་གཡོགས་ཚང་མ་རིམ་པ་གསུམ་དུ་བགར་ཏེ་ངལ་རྩོལ་བསྒྱུར་བཀོལ་བྱས་འདུག  གྲྭ་བློ་བཟང་ཟླ་བ་ལགས་ནི་ ༡༩༥༡ ལོར་པཎ་ཆེན་རིན་པོ་ཆེ་རྒྱ་གར་དུ་ཕེབས་སྐབས་ཀྱང་མཉམ་དུ་བཅར་མཁན་གྱི་གྲོས་སུ་ཡོད་འདུག  པཎ་ཆེན་རིན་པོའི་ཆེའི་སྐོར་གྱི་གནས་ཚུལ་རྣམས་ཁོང་བརྒྱུད་ནས་ངས་ཤེས་རྟོགས་བྱུང་བ་ཡིན། ཁོང་གིས་ནམ་རྒྱུན་པཎ་ཆེན་རིན་པོ་ཆེར་སེམས་ཁྲལ་ཆེན་པོ་གནང་གི་འདུག   རྗེས་སུ་ངལ་རྩོལ་མང་པོ་བྱེད་དགོས་སྟབས་གཟུགས་པོ་སྐྱོ་རུ་ཕྱིན་ཏེ་མགོ་ཡུ་འཁོར་ནས་ ༡༩༦༨ ཟླ་ ༦ པར་བཙོན་ཁང་ནང་སྐུ་གཤེགས་སོང་། སྤྱིར་བཏང་ང་ཚོ་ལོ་དེའི་ཟླ་བ་ ༨ ནང་བཙོན་ཁང་ནས་ཕྱིར་འདོན་རྒྱུའི་དུས་ཚོད་ལ་སླེབས་ཀྱི་ཡོད་པ་རེད། ཡིན་ནའང་། ཁོང་བཙོན་ཁང་ནས་ཕྱིར་འདོན་རག་བར་སྐུ་གྲོངས་པ་རེད།

དྲི་བ། རྒན་ལགས་སྔ་རྗེས་ཐེངས་གསུམ་ལ་རྒྱའི་བཙོན་འོག་ཏུ་ཚུད་ཡོད་པ་རེད། ཐེངས་རྗེས་མ་གཉིས་ལ་ནག་ཉེས་ཅི་ཞིག་བཀལ་ཏེ་བཙོན་འཇུག་བྱས་པ་ཡིན་ནམ།    

ལན། ༡༩༧༠ ལོར་ཡང་བསྐྱར་ཐེངས་གཅིག་བཙོན་དུ་ཚུད་པ་རེད། དེ་ནི་ང་རང་སྔོན་མ་ལྷ་ས་སློབ་ཆུང་དང་པོའི་ནང་དགེ་རྒན་བྱས་མྱོང་སྟབས་སློབ་ཕྲུག་མང་པོ་ཡོད་པ་རེད། ༡༩༦༠ ལོའི་ལོ་སར་སྐབས་ང་ཚོ་དགེ་སློབ་བཞིས་བོད་ཆས་གྱོན་ཏེ་མཉམ་དུ་བླངས་པའི་འདྲ་པར་ཞིག་ཡོད་པ་དེ། སློབ་ཕྲུག་དག་སློབ་མཐར་ཕྱིན་ཏེ་རིམ་པས་སློབ་འབྲིང་དུ་བསྐྱོད་སྐབས་ཁྱེར་འདུག   རྗེས་སུ་སློབ་ཕྲུག་དེ་ཚོ་བཙན་བྱོལ་དུ་བྲོས་པའི་ལམ་བར་ནས་དམག་མིས་འཇུས་ཏེ། ང་ཚོ་མཉམ་དུ་ཡོད་པའི་པར་དེ་ཉེན་རྟོག་པའི་ལག་ལ་ཤོར་འདུག དེ་ལ་བརྟེན་ནས་ང་ལ་སློབ་ཕྲུག་ཚོར་ངན་སྐུལ་བྱེད་མཁན་གྱི་ནག་ཉེས་བཀལ་ཏེ་ལོ་ ༡༠ བཙོན་འཇུག་ཁྲིམས་ཐག་བཅད་པ་རེད། བཙོན་འཇུག་ཐེངས་གསུམ་པ་དེ་ ༡༩༨༣ ལོར་བྱས་སོང་། བཙོན་འཇུག་བྱེད་དགོས་པའི་རྒྱུ་རྐྱེན་གཙོ་བོ་ནི།   ༡༩༨༢ ལོ་ནས་བཟུང་སྟེ་བོད་ནང་དུ་རང་བཙན་གླེང་མཁན་མང་པོ་བྱུང་ཡོད་པ་རེད། དེ་དུས་ང་རང་ཆུ་ཤུར་རྫོང་ཁོངས་སུ་ཡོད་པའི་སྙེ་ཐང་སོ་ཕག་བཟོ་གྲྭའི་ལས་མི་རུ་ཁག་ནང་ཆབ་སྲིད་ཞྭ་མོ་གཡོགས་ཏེ་བསྡད་ཡོད། སྐབས་དེར་སྤྱི་ཚོགས་ཧྲིལ་པོ་བཙོན་ཁང་ནང་བཞིན་ཆགས་པ་རེད། རྒྱ་དམར་པོས་བོད་ལ་བཙན་འཛུལ་བྱས་པ་དེ་ང་རང་གིས་ཧ་གོ་གི་ཡོད་ལ། དོན་དངོས་ཐོག་བོད་རང་བཙན་ཡིན་སྟབས་བོད་མི་ཚོས་རང་བཙན་ཟེར་དགོས་པ་དེ་ཡང་དག་པ་རེད། དེར་བརྟེན། ཆེད་དུ་ལྷ་སར་བསྐྱོད་དེ་བར་སྐོར་ནང་ “ང་ཚོ་བོད་ཀྱི་མི་རིགས་ལ་བློ་སྟོབས་ཡོད། ཆུ་བྱི་ལོ་ལ་སུ་དང་དྲག་འཐབ་བྱས། ལྔ་བཅུ་ང་དགུ་སུ་དང་དྲག་འཐབ་བྱས། ལོ་རྒྱུས་དེབ་ཐེར་གསལ་བོར་བྲིས་ཡོད། ང་ཚོས་དྲག་པོའི་འཐབ་རྩོད་བྱེད་ཕོད་ལ། ང་ཚོས་ཞི་བའི་འཐབ་རྩོད་བྱེད་ཕོད། མགོ་ཁྲིད་བཟང་པོ་སྐྱབས་མགོན་ཏཱ་ལའི་བླ་མ་ཡོད། སྙིང་སྟོབས་ཅན་གྱི་བོད་རིགས་སྤུན་ཟླ་ཡོད། ” ཅེས་གཞས་གཏོང་ཞོར། རང་བཙན་གྱི་སྐད་འབོད་དང་སྦྱར་ཡིག་སོགས་བཀྲམས་པ་ཡིན། སྐབས་དེར་ཉེན་རྟོག་པ་སྟོད་གོས་དཀར་པོ་གྱོན་མཁན་དག་ཡོང་སྟེ་ལྟ་རྟོག་བྱས་པ་མ་གཏོགས་འཇུ་བཟུང་བྱས་མ་སོང་། དེ་ནས་ཕྱིར་སྙེ་ཐང་སོ་ཕག་བཟོ་གྲྭར་ལོག་པ་ཡིན། བར་སྐབས་དེར་དཔལ་ལྡན་རྒྱ་མཚོ་དང་བློ་བཟང་བཅས་རང་བཙན་སྐད་འབོད་དང་སྦྱར་ཡིག་འགྲེམས་མཁན་ང་ཚོ་འགའ་ཤས་ཡོད་པ་རེད། ཡིན་ནའང་། ཁོ་ཚོས་བོད་བཅིངས་བཀྲོལ་བཏང་ཡིན་ཞེས་བརྗོད་ཀྱིན་ཡོད་སྟབས། ང་ཚོ་འཛིན་བཟུང་བྱས་ན་སྤྱི་ཚོགས་ནང་འུར་ཆེན་པོ་ཡོང་རྒྱུར་དོགས་ནས་ཁྲིམས་གཅོད་དེ་འདྲ་བྱས་མ་སོང་། རྗེས་སུ་ ༡༩༨༣ ལོར་ལྷ་སར་ཉེས་ཅན་ཚོར་རྡུང་རྡེག་གཏོང་པ་ཟེར་བའི་ལས་འགུལ་ཞིག་སླེབས་པ་རེད། སྐབས་དེ་དང་བསྟུན་ནས་ང་རང་ཡང་བསྐྱར་འཇུ་བཟུང་བྱས་ཏེ། ལྷ་སའི་དགུ་རྩ་ལྟ་སྲུང་ཁང་དུ་ལོ་ ༢ རིང་བཀག་ཉར་བྱས་རྗེས། གསར་བརྗེ་ངོ་ལོག་པའི་ཉེས་མིང་འོག་ལོ་ ༡༥ ཁྲིམས་ཆད་བཙོན་འཇུག་བྱས་པ་རེད།

དྲི་བ། བཙོན་ཁང་ནང་བཙོན་པ་ཚོའི་འཆར་ཅན་གྱི་སྒྲིག་སྲོལ་དང་འཚོ་བའི་གནས་སྟངས་གང་འདྲ་ཡོད་པ་རེད་དམ།

ལན། བཙོན་ཁང་ནང་ནམ་རྒྱུན་ཞོགས་པའི་ཆུ་ཚོད་ ༧ པའི་སྟེང་ལུས་རྩལ་སྦྱོང་དགོས་ཀྱི་ཡོད་ལ། དེ་དུས་ལྟ་སྲུང་བ་རྣམས་བཙོན་པའི་ཉལ་ཁང་གི་སྒོ་ཕྱེ་རུ་ཡོང་གི་རེད། དགུང་མོ་བཙོན་པ་ཚོ་ནང་དུ་བཅུག་རྗེས་གསང་སྤྱོད་དང་འདུག་ས་གཅིག་ཡིན་སྟབས་དྲི་བ་བཙོག་པོ་ཞེ་དྲག་ཡོད་པ་རེད། ལྟ་སྲུང་བ་ཚོས་སྒོ་ཕྱེ་རྗེས་སོ་སོའི་སྣ་སྐྱོར་ཏེ་རྒྱང་ལ་བྲོས་འབྲོ་གི་རེད། ལུས་རྩལ་སྦྱོང་བཅུག་རྗེས་བཙོན་པ་ཚང་མར་ཁ་ལག་གཏོང་པ་དང་། ཆུ་ཚོད་ ༩ པའི་སྟེང་ལས་ཀར་ཁྲིད་འགྲོ་ཡི་རེད། སྐབས་དེར་གསང་ཡིབ་བཙོན་ཁང་ལ་ངལ་རྩོལ་རུ་ཁག་ལྔ་པ་རུ་འབོད་པ་དང་། བཙོན་ཁང་ནང་བཙོན་པ་ལོ་ཆུང་ཤོས་ ༡༨ ཅན་དང་། རྒན་ཤོས་རིག་གནས་གསར་བརྗེ་སྐབས་བཙོན་འཇུག་བྱས་པའི་ལོ་ ༧༩ ཅན་ཡོད་པ་རེད། བཙོན་ཁང་ནང་ལོ་ ༡༥ ནས་ ༢༠ བར་བསྡད་མྱོང་མཁན་མང་པོ་འདུག དེ་དུས་བཙོན་ཁང་ནང་ཁྲིམས་ལུགས་ཡོད་པ་འདྲ་བོ་མེད་པ་འདྲ་བོ་མགོ་རྙོག་ཚ་བོ་ཡོད་པ་རེད། བཙོན་ཁང་གི་བཅའ་ཁྲིམས་ནང་བཙོན་པར་ཉེས་རྡུང་གཏོང་མི་ཆོག་པའི་སྐོར་སྙིང་རྗེ་བོ་མང་པོ་བྲིས་ཡོད་ཀྱང་། ཡོངས་རྫོགས་ཏང་གི་མགོ་ཁྲིད་ཡིན་སྟབས། བཙོན་ཁང་ནང་ཏང་གི་རྩ་འཛུགས་ཀྱིས་བཀའ་ཞིག་ཕབ་པ་ཡིན་ན། བཙོན་པ་སོད་ལབ་ན་གསོད་རྒྱུར་ཐེ་ཚོམ་ཡོད་པ་མ་རེད། འཚོ་བ་དང་འཕྲོད་བསྟེན་ཀྱང་སྐྱོ་བོ་ཡོད་པར་མ་ཟད། གྱོན་གོས་ཀྱི་ཐད་ནས་ཀྱང་བཙོན་པ་ཚོར་ནང་འཇམ་གྱི་རིགས་གང་ཡང་གྱོན་རྒྱུ་ཡོད་པ་མ་རེད། ལོ་གསུམ་རེའི་མཚམས་སུ་བར་འཚང་ཅན་གྱི་གྱོན་གོས་རེ་སྤྲད་རྗེས། རལ་སོང་བ་ཡིན་ན་སོ་སོའི་ངོས་ནས་ལྷན་པ་བརྒྱབ་སྟེ་ཐབས་ཤེས་གཏོང་དགོས་པ་རེད།

དྲི་བ། བཙོན་ཁང་ནང་བཙོན་པ་ཚོར་འདྲི་གཅོད་དང་གཅར་རྡུང་སོགས་ཀྱི་གནས་སྟངས་ག་འདྲ་འདུག་གམ།

ལན། ཐོག་མར་འཇུ་བཟུང་འདྲི་གཅོད་སྐབས་སྐད་ཆ་འདྲ་མིན་སྣ་ཚོགས་དྲིས་ཡོང་གི་རེད། དེ་དུས་སོ་སོར་བཤད་རྒྱུ་མེན་ནའང་བཙན་གྱིས་བཤད་དགོས་ཟེར་ནས། ལག་པ་གཉིས་ཕྱི་ལོག་ནས་ལྕགས་རྒྱབ་སྟེ་འགུལ་རྒྱུ་མེད་པ་བཟོ་བ་དང་། བོད་རང་བཙན་ཡིན་ཞེས་སྐད་རྒྱག་མཁན་ཚོར་མགོ་ལ་འགྱིག་ཤུབ་སྐོན་དེ་དབུགས་བགག་ནས་འཆི་ལ་ཁད་བཟོ་བ་སོགས་སྡུག་གཅོད་ཚ་ནན་གཏོང་གི་རེད། གཞན་ཡང་། ལོ་ལྟར་བཙོན་ཁང་ནང་དགུན་དུས་སློབ་སྦྱོང་ཟེར་བའི་ལས་འགུལ་ཞིག་ཡོད་པ་རེད། དེ་དུས་ཟླ་བ་གཅིག་གཉིས་རིང་བཙོན་པ་རྣམས་ཉིན་ཕྱེད་རིང་ལས་ཀར་སྐུལ་བ་དང་། ཉིན་ཕྱེད་རིང་ཚོགས་འདུ་ཚོགས་དེ་བཙོན་པ་རྣམས་ཀྱིས་བཙོན་ཁང་ནང་བཤད་པའི་སྐད་ཆ་རྣམས་ལ་བརྟག་དཔྱད་བྱས་ཏེ་བཙོན་པ་རྣམས་ལ་ཉེས་རྡུང་གཏོང་བ་དང་། རུ་ཁག་སོ་སོའི་ནང་ཁྲིད་དེ་ཕན་ཚུན་སྐྱོན་བརྗོད་དང་། རྐང་ལག་ལ་ལྕགས་རྒྱབ་དེ་མི་ཚོགས་ཁྲོད་ཡར་བརྩངས་ནས་འཐབ་བརྩོད་གཏོང་གི་རེད། དེ་མ་གཏོགས་ཉི་མ་བརྟག་པར་ཉེས་རྡུང་འདྲི་གཅོད་གཏོང་བ་དེ་འདྲ་ཡོད་པ་མ་རེད།

དྲི་བ། ངལ་རྩོལ་བསྒྱུར་བཀོལ་སྐབས་བཙོན་པ་རྣམས་ལས་ཀར་སྐུལ་སྟངས་ཅི་འདྲ་ཡོད་པ་རེད་དམ།

ལན། ང་རང་ལོ་ ༡༣ རིང་གསང་ཡིབ་བཙོན་ཁང་དུ་བསྡད་པ་ཡིན། དང་ཐོག་རྡོ་འཁུར་མཁན་གྱི་གྲས་རེད། རིའི་སྒང་ནས་རྡོ་གཤགས་ཏེ་རྡོ་བརྩིགས་དགོས་ཀྱི་འདུག  མུས་ཁྲི་རྒྱ་དཔང་གྲུ་བཞི་མ་གཅིག་ལ་ཀུང་ཁཱང་ཟེར་བ་དང་། ཉིན་གཅིག་ལ་རྡོ་ཡག་ཤོས་ཀུང་ཁཱང་གཅིག་དང་རྡོ་ཐེབས་ཆག་ཀུང་ཁཱང་ ༣ རེ་སྒྲིག་དགོས་པ་རེད། རྡོ་འོར་མཁན་རྣམས་ནི་རྡོ་བཟོ་མི་ཤེས་པའི་ང་ཚོ་རྒད་པོ་ལོ་ ༥༠ ནས་ ༧༠ ཅན་དག་རེད། དཔྱིད་ཀ་ཕྱི་ཟླ་ ༣ ནས་ ༥ བར་ས་ཕག་ཁྲི་ ༡༠༠ དང་། སྟོན་ཀ་ཕྱི་ཟླ་ ༨ ནས་ ༡༠ བར་ས་ཕག་ཁྲི་ ༢༠༠ རེ་རྒྱག་དགོས། དེ་དུས་ང་ཚོ་རྒད་པོ་ཚོས་ལྕགས་གཤོང་ཞིག་རྒྱབ་ལ་ཁུར་ཏེ་འདམ་བག་སྐྱེལ་དགོས་པ་རེད། ས་ཕག་རྒྱག་མཁན་དང་ཨར་ལས་བྱེད་མཁན་ལོ་གཞོན་ཚོ་གོ་སྒྲིག་བྱེད་ཀྱིན་འདུག སྔོན་ཆད་མཱ་ཁེ་སི་ཡིས་མི་ལམ་སང་གསོད་རྒྱུ་ཡོད་པ་མ་རེད། མི་བེད་སྤྱོད་གཏོང་དགོས་པ་རེད་ཅེས་བརྗོད་ཡོད་པ་ལྟར། རྒྱ་གཞུང་གིས་བཙོན་པ་རྣམས་ལས་ཀར་སྐུལ་དེ་ཁེ་བཟང་ཟ་བཞིན་ཡོད་པ་རེད། དེ་དུས་རྡོ་ཡག་པོ་ཀུང་ཁཱང་གཅིག་ལ་རྒྱ་སྒོར་ ༧ ནས་ ༥ བར་དང་། རྡོ་ཐེབས་ཆག་ཀུང་ཁཱང་གཅིག་ལ་རྒྱ་སྒོར་ ༤ ནས་ ༣ བར་སྤྲོད་ཀྱི་འདུག ༡༩༦༠ ལོར་རུ་ཁག་ལྔ་པ་གསར་འཛུགས་བྱས་པ་ནས་ ༡༩༧༧ བར་ལ་ལྷ་སར་རུ་ཁག་ལྔ་པ་ལས་ལྷག་པའི་དངུལ་འབོར་ཆེན་ཅན་ཞིག་ཡོད་པ་མ་རེད། གུང་ཁྲན་ཏང་ཟེར་བ་དེ་ནག་པོ་ཞེ་དྲག་ཡོད་འདུག ཁོ་ཚོ་ཕྱུག་པོ་ཆགས་པ་དེའང་འདི་ལྟར་ཆགས་པ་རེད།

དྲི་བ། རྒྱ་ནག་དམར་པོའི་གཞུང་ནང་ཁུལ་དུ་སྔ་ཕྱིར་འགྱུར་ལྡོག་སྣ་ཚོགས་ཤིག་བྱུང་ཡོད་པ་རེད། བཙོན་ཁང་གི་གནས་སྟངས་ཐད་ད་ལྟའི་བར་དམིགས་བསལ་གྱི་འགྱུར་ལྡོག་དེ་འདྲ་བྱུང་སོང་ངམ།

ལན། བཙོན་པ་རྣམས་ཀྱི་འཚོ་བའི་གནས་སྟངས་ཐད་འགྱུར་ལྡོག་དུས་རིམ་གསུམ་བྱུང་བ་རེད། སྔོན་ཆད་ལྷ་སར་གཙོ་བོ་གྲྭ་བཞི་དང་རུ་ཁག་ལྔ་པ། དགུ་རྩ་བཅས་བཙོན་ཁང་གསུམ་ཡོད་པ་དང་། བོད་པའི་ས་ཁུལ་གང་སར་བཙོན་ཁང་ཧ་ཅང་མང་པོ་ཡོད་པ་རེད། ཡིན་ནའང་། ཁོ་ཚོས་དེ་དག་གི་མིང་ལ་ནུང་ཁྲཱང་ (ཞིང་རྭ) ཞེས་འབོད་ཀྱི་ཡོད་པ་རེད། ལྟ་སྲུང་ཁང་ནང་བཀག་བསྐྱིལ་བྱས་ཏེ་མར་གློད་རྗེས་ནུང་ཁྲཱང་སོ་སོའི་ནང་བཏང་སྟེ། ཕྱུག་འཚོ་བ་དང་ཞིང་འདེབས་པ། ཕག་གསོ་བ། འཕྲུལ་འཁོར་བཟོ་བ། ས་རྡོ་སྐྱེལ་འདྲེན་སོགས་ལས་ཀ་འདྲ་མིན་ལས་འཇུག་གི་རེད། བཙོན་པ་ཁ་ཤས་ལ་དྲོད་ཁང་ནང་སྔོ་ཚོལ་འདེབས་འཇུག་གི་ཡོད་ལ། མི་རེ་ཆུ་ཚོད་གཅིག་ཙམ་ལ་མ་གཏོགས་དྲོད་ཁང་ནང་སྡོད་མི་ཐུབ་པར་མགོ་ཡུ་འཁོར་ནས་རིལ་འགྲོ་ཡི་ཡོད་པ་རེད། ལས་ཀ་ཧ་ཅང་ལྕི་མོ་ལས་དགོས་པ་དང་ཟ་མ་རྩམ་སྐྱ་ཏོག་ཙམ་མ་གཏོགས་བཟའ་རྒྱུ་མེད་སྟབས། བཙོན་པ་ཚོ་གྲོད་ཁོག་ལྟོགས་ཏེ་ལག་ཏུ་ལྡུམ་བུ་སོགས་ག་རེ་རག་ཀྱང་ལམ་སེང་ཟ་རྐྱང་བྱེད་ཀྱི་རེད། དེ་ལྟར་ ༡༩༥༩ ནས་ ༡༩༦༩ བར་བཙོན་པ་མང་པོ་ལྟོགས་ཤི་ཐེབས་ཡོད་པ་རེད།

༡༩༧༦ ལོར་མའོ་ཤི་བའི་རྗེས་ལ་ཏིན་ཞའོ་ཕེན་ཐོན་པ་རེད། ཁོའི་སྐབས་ཀྲུང་དབྱང་ནང་འགྱུར་ལྡོག་ཆེན་པོ་ཞིག་སླེབས་པ་རེད། ཏང་གིས་མཐའ་དག་མགོ་ཁྲིད་བྱེད་དགོས་སྟབས་བཅའ་ཁྲིམས་ཀྱི་སྒང་ལ་ཏང་ཡོད་པ་རེད། ཏང་ཀྲུང་དབྱང་གིས་བཀའ་བཏང་ཚར་བ་ཡིན་ན་བཅའ་ཁྲིམས་ཟུར་ལ་གཡུགས་བཞག་གི་རེད། ཏང་ཀྲུང་དབྱང་ལ་འགྱུར་ལྡོག་བྱུང་ཚེ་གཤམ་འོག་ཚང་མར་འགྱུར་ལྡོག་ཡོང་གི་རེད། དེར་བརྟེན། ༡༩༧༨ ནས་ ༡༩༧༩ བར་ལ་བཙོན་ཁང་ནང་རྩམ་སྐྱ་ཁོ་ན་ཟ་མ་དགོས་པར། འབྲས་དང་གྲོ་ཕྱེ། བཙོན་པ་ཚོས་སྔོ་ཚལ་རིགས་འདེབས་ཀྱིན་ཡོད་སྟབས་མཚམས་རེར་སྔོ་ཚོལ་ནང་ཕག་ཤ་ཏོག་ཙམ་ཡོད་པ་སོགས་སྤྲད་དེ་འཚོ་བ་ཡག་ཏུ་ཕྱིན་པ་རེད། དེ་ནས་བཟུང་བཙོན་ཁང་ནང་ལྟོགས་ཤེ་ཐེབས་རྒྱུ་མཚམས་ཆད་པ་རེད།

དེ་རྗེས་བརྒྱད་བཅུ་གྱ་གྲངས་ཤིག་ནས་བཙོན་ཁང་ནང་གནས་ཚུལ་གསར་བ་ཞིག་བྱུང་བ་རེད། བཙོན་པ་ཚོས་ལས་ཀར་ཐོ་རྒྱབ་ནས་སྐར་མ་སྤྲོད་མགོ་བརྩམས་ཏེ།   སྐར་མ་མང་པོ་ལོན་མཁན་ལ་ཟླ་རེ་ཐོབ་ཆ་རྒྱ་སྒོར་ ༡༥ ནས་ ༢༠ བར་སྤྲད་པ་རེད། ཡིན་ནའང་། ང་ཚོ་ཆབ་སྲིད་བཙོན་པ་ཚོས་མང་ཚོགས་ལ་སྐད་ཆ་འདྲ་མིན་བཤད་ནས་ཟིང་སློང་རྒྱུར་དོགས་ཏེ་ལས་ཀར་སྐུལ་གྱིན་མེད་སྟབས། སྐར་མ་དང་ཐོབ་ཆ་གང་ཡང་ཡོད་པ་མ་རེད། དེ་དུས་ཏུན་ཞའོ་ཕིན་གྱིས་ཕྱི་ལ་སྒོ་ཕྱེ་ནང་ལ་འཁྲུག་པོ་བཟོས་ཞེས་བརྗོད་སྟབས། བཙོན་ཁང་གི་སྒོ་སྲུང་དག་གིས་ཀྱང་བཙོན་པའི་ནང་མི་ཐུག་འཕྲད་ཀྱི་པ་སེ་བཙོང་སྟེ་ཚོང་རྒྱག་གིན་ཡོད་པ་རེད། དེ་དུས་ཡོང་སྒོ་ཁོ་རང་གི་སྐད་ཆ་མ་གཏོགས་གཞན་བཤད་ཀྱི་མ་རེད། དེའི་སྔོན་ལ་ཆབ་སྲིད་སྐོར་རྐྱང་བཤད་བསྡད་པ་རེད། དེ་ལྟར་བཙོན་ཁང་ནང་བཙོན་པའི་གནས་སྟངས་ཐད་འགྱུར་ལྡོག་རིམ་པ་གསུམ་བྱུང་པ་རེད། (མུ་འགོད།)

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཐག་དང་པོ། ཏང་གིས་བཀའ་ཞིག་ཕབ་ཚེ་བཙོན་པ་སོད་ལབ་ན་གསོད་རྒྱུར་ཐེ་ཚོམ་ཡོད་པ་མ་རེད།

(བོད་ཀྱི་དུས་བབ་གསར་ཤོག་ལས་འདིར་བཀོད།)

བསྐྱར་བཅོས།: ༢༠༢༠/༡༠/༢༠

Leave a Reply