ཐའེ་ལེན་ཌིའི་དམངས་གཙོའི་ཞི་རྒོལ་ཤུགས་ཆེ་རུ་འགྲོ་བཞིན་འདུག

ཐའེ་ལེན་ཌིའི་དམངས་གཙོའི་ཞི་རྒོལ་དང་འབྲེལ་སྲིད་གཞུང་གིས་ཞི་རྒོལ་བའི་ཁྲོད་དྲག་པོའི་བྱ་སྤྱོད་སྤེལ་བ་མ་ཟད་གཞུང་དང་ལངས་ཕྱོགས་མི་མཐུན་པའི་གསར་ཁང་སོགས་སྒོ་བརྒྱབ་དགོས་པའི་བཙན་བཀའ་གཏོང་གི་ཡོད་འདུག

དེ་རིང་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ད་ལྟའི་ཆར་ཐའེ་ལེན་ཌིའི་ནང་སྲིད་བློན་པར་ཡོ་ཊི་ཅན་ཨོ་ཅཱ་(Prayut Chan-o-cha) ཡིས་སྣེ་འཁྲིད་པའི་གཞུང་དང་། ཡུལ་དེའི་རྒྱལ་པོའི་སྲིད་དབང་ལ་ངོ་རྒོལ་གྱི་དམངས་གཙོའི་ན་གཞོན་ལས་འགུལ་ཤུགས་ཆེན་པོ་སྤེལ་བཞིན་པའི་སྐབས་འདིར། ཁ་སང་ཡུལ་དེའི་ཁྲིམས་ཁང་ཞིག་གིས་ད་ལྟའི་ཞི་རྒོལ་གྱི་གནས་ཚུལ་ཤུགས་ཆེར་སྤེལ་མཁན་དང་། དུས་རྒྱུན་སྲིད་གཞུང་ལ་སྐྱོན་བརྗོད་ཀྱི་གནས་ཚུལ་སྤེལ་མཁན་ཝ་སི་བརྙན་འཕྲིན་ཁང་(Voice TV)སྒོ་འཕྲལ་དུ་སྒོ་བརྒྱབ་དགོས་པའི་བཀའ་ཁྱབ་བཏང་ཡོད་པ་དང་། དེར་ཐའེ་ལེན་ཌིའི་དམངས་གཙོ་དོན་གཉེར་བ་དང་གསར་འགོད་མཐུན་ཚོགས་བཅས་ཀྱིས་སྐྱོན་བརྗོད་དང་འབྲེལ། ཐའེ་ལེན་ཌིའི་གསར་འགོད་རང་དབང་སྲུང་སྐྱོབ་དགོས་པའི་འབོད་སྒྲ་སྔར་བས་ཤུགས་ཆེར་འདོན་བཞིན་ཡོད་འདུག

བརྙན་འཕྲིན་བརྒྱུད་ལམ་དེའི་འགན་འཛིན་མཱ་ཀིན་པེ་ཊི་པ་ལའེ་(Makin Petplai) ཡིས། འདས་པའི་ལོ་ངོ་ ༡༡ རིང་ནས་ཝ་སི་བརྙན་འཕྲིན་ཁང་གིས་ཆོད་སེམས་བརྟན་པོས་དམངས་གཙོར་གུས་བརྩི་བྱས་ཏེ། གུ་ཡངས་དང་ཕྱི་གསལ་ནང་གསལ། དངོས་ཡོད་ལ་འགན་འཁུར་བའི་ཐོག་ནས་ཕྱོགས་ཚང་མའི་བསམ་ཚུལ་སྤུང་སའི་སྡིངས་ཆ་ཞིག་བསྐྲུན་ཡོད་པ་དང་། ད་ཐེངས་ཁྲིམས་ཁང་གིས་བཀའ་ཁྱབ་ནང་གསལ་བརྙན་འཕྲིན་ཁང་གིས་སྤེལ་བའི་གནས་ཚུལ་དག་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་དོ་ཕོག་བཏང་ཟེར་བ་དེར་ངོས་ལེན་ཞུ་ཐབས་མེད་སྐོར་བརྗོད་ཡོད་འདུག དེ་བཞིན་ཐའེ་ལེན་ཌིའི་ནང་ཡོད་པའི་ཕྱི་རྒྱལ་གྱི་གསར་འགོད་པའི་མཐུན་ཚོགས་ (The Foreign Correspondents Club of Thailand) ཀྱིས། དམངས་གཙོའི་སྤྱི་ཚོགས་ཤིག་ནང་རང་དབང་གི་གསར་འགོད་ནི་ཆ་ཤས་གལ་ཆེན་ཞིག་ཡིན་པ་དང་། གསར་འགོད་པ་རྣམས་ལ་གཞུང་གིས་བཀག་འགོག་དང་། ཕྱིར་ཕུད། བཀག་བསྡོམ། ཞིབ་བཤེར་བཅས་མེད་པར་གནས་ཚུལ་འགོད་འཇུག་དགོས་སྐོར་བརྗོད་འདུག

ད་ཐེངས་ཀྱི་གཞུང་རྒོལ་ལས་འགུལ་དང་འབྲེལ་ནས། ཐའེ་ལེན་ཌི་གཞུང་གིས་ཝ་སི་བརྙན་འཕྲིན་ཁང་གི་གཙོ་བོ་བྱས་པའི་པ་ར་ཆ་ཏའེ་ (Prachatai) དང་། གསར་འགོད་པ་ (The Reporters)། སི་ཊན་ཌར་ཌི་གསར་ཁང་ (The Standard) བཅས་བཞི་ལ་མང་ཚོགས་ནང་ཟིང་འཁྲུག་གི་སྐུལ་སློང་བྱེད་ཀྱི་ཡོད་པའི་ཉེན་བརྡ་བཏང་ཡོད་པ་མ་ཟད། ཁ་སང་ཁྲིམས་ཁང་གིས་བཀའ་ཁྱབ་བཏང་རྗེས་སྲིད་བློན་པར་ཡོ་ཊི་ཅན་ཨོ་ཅཱ་ཡིས་གསར་འགོད་པར། གསར་འགོད་རང་དབང་དེ་གལ་ཆེན་པོ་ཡིན་ནའང་། གནད་དོན་རེ་འགའི་ཐོག་གསར་ཁང་འགའ་ཤས་ཀྱིས་གནས་ཚུལ་ལོག་པ་ཁྱབ་སྤེལ་བྱས་ཏེ། མང་ཚོགས་ཁྲོད་ཟིང་འཁྲུག་སློང་གི་ཡོད་སྐོར་བརྗོད་འདུག

འདི་ལོའི་ཕྱི་ཟླ་ ༢ པའི་ནང་ཐའེ་ལེན་ཌིའི་ཁྲིམས་ཁང་གིས། གཞོན་སྐྱེས་མི་རབས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་པོ་བྱ་སའི་ཡུལ་དེའི་ཁ་གཏད་སྲིད་དོན་ཚོགས་པ་མ་འོངས་སྔོན་ཐོན་ཚོགས་པ་ (Future Forward Party) ཞེས་པ་དེ། ནུས་མེད་བཟོ་དགོས་པའི་བཀའ་ཁྱབ་བཏང་བར་བརྟེན། ཡུལ་དེའི་རྒྱལ་ས་བྷེང་ཀོག་ (Bangkok) གཙོས་པའི་གྲོང་ཁྱེར་ཆེ་ཁག་ནང་། སློབ་ཆེན་སློབ་མ་རྣམས་ཀྱི་སྣེ་འཁྲིད་འོག་གཞུང་གི་བཀའ་ཁྱབ་དེར་ངོ་རྒོལ་གྱིས་གཞི་རྒྱ་ཆེ་བའི་ཁྲོམ་སྐོར་ལས་འགུལ་སྤེལ་ཡོད་པ་མ་ཟད། རིམ་པས་ལས་འགུལ་གྱི་ཁ་ཕྱོགས་དེ་ཐའེ་ལེན་ཌིའི་དམངས་གཙོ་དང་རང་དབང་སོགས་ཀྱི་ཕྱོགས་ལ་གཞོལ་ཏེ། ད་ལྟ་ཡུལ་དེའི་ན་གཞོན་ཞི་རྒོལ་བ་སྟོང་ཚོ་མང་པོས་ད་ལྟའི་སྲིད་བློན་ལས་ཐོག་པར་ཡོ་ཊི་ཅན་ཨོ་ཅཱ་ཡིས་རྩ་དགོངས་ཞུ་དགོས་པ་དང་། ད་ཡོད་རྩ་ཁྲིམས་ལ་བསྒྱུར་བཅོས་གཏོང་དགོས་པ། དེ་བཞིན་ཁྲིམས་ཐོག་ནས་ཚེ་བཙོན་ཁྲིམས་ཆད་འཕོག་ངེས་ཀྱི་ཉེན་ཁ་ལ་མ་ལྟོས་པར། མངོན་གསལ་དོད་པོས་ཐའེ་ལེན་ཌིའི་རྒྱལ་པོའི་ལམ་ལུགས་ལ་བཅོས་བསྒྱུར་གཏོང་དགོས་པའི་འབོད་སྒྲ་སྒྲོག་བཞིན་ཡོད་པ་རེད།

སྤྱིར་ཐའེ་ལེན་ཌིའི་ནང་དེ་སྔ་ནས་དབང་ཆ་འཐབ་རྩོད་ཀྱི་ཆབ་སྲིད་རྙོག་འཛིང་ཤུགས་ཆེན་པོ་འབྱུང་གིན་ཡོད་ནའང་། ཕྱི་ལོ་ ༢༠༡༤ ལོར་སྐབས་དེའི་ཐའེ་ལེན་ཌི་རྒྱལ་པོའི་དམག་ (Royal Thai Army) གི་དམག་དཔོན་པར་ཡོ་ཊི་ཅན་ཨོ་ཅཱ་ཡིས་སྣེ་ཁྲིད་པའི་དམག་སྡེས། དྲག་པོའི་ཤུགས་ཀྱིས་སྐབས་དེའི་སྲིད་དབང་འཕྲོག་པ་མ་ཟད། དམག་གི་རྒྱབ་སྐྱོར་ཤུགས་ཆེན་པོ་ཡོད་པའི་དམག་དཔོན་པར་ཡོ་ཊི་ཅན་ཨོ་ཅཱ་ཐའེ་ལེན་ཌིའི་སྲིད་བློན་དུ་བསྐོ་བཞག་བྱས་ཡོད་པ་དང་། སྲིད་དབང་འཕྲོག་རྩོད་ཀྱི་བརྒྱུད་རིམ་ཁྲོད་དམག་ལ་སྐྱོན་བརྗོད་བྱེད་མཁན་རྣམས་བཙོན་འཇུག་དང་། དེ་བཞིན་རྒྱལ་ཡོངས་ཀྱི་གསར་ཁང་དང་དྲ་རྒྱ་བཅས་ལ་བཀག་བསྡོམ་སྟངས་འཛིན་བྱས་ཡོད་པ་རེད། འདས་ལོར་རྒྱལ་ཡོངས་འོས་བསྡུའི་ནང་མང་ཚོགས་ཁྲོད་ཐའེ་ལེན་ཌིར་དམངས་གཙོ་བསྐྱར་གསོ་ཡོང་རྒྱུའི་རེ་བ་བཅངས་ཡོད་ནའང་། མཐའ་མཇུག་དེར་པར་ཡོ་ཊི་ཅན་ཨོ་ཅཱ་ཡི་སྲིད་དོན་ཚོགས་པར་རྒྱལ་ཁ་ཐོབ་སྟེ། ཐའེ་ལེན་ཌི་མུ་མཐུད་དམག་གི་སྟངས་འཛིན་འོག་ཚུད་ཡོད་པ་རེད།

ད་ཐེངས་ཀྱི་གཞུང་རྒོལ་ལས་འགུལ་དེ་བར་སྐབས་ཤིག་ནས་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་པས་བར་མཚམས་ཆད་ཡོད་ནའང་། འདི་ལོའི་ཕྱི་ཟླ་ ༧ པའི་ནང་། ཁམ་བྷོ་ཌི་ཡར་ (Cambodia) བཙན་བྱོལ་དུ་ཡོད་པའི་ཐའེ་ལེན་ཌིའི་དམངས་གཙོའི་ལས་འགུལ་བ་ཝང་ཆ་ལེམ་ས་ཏི་སག་སི་ (Wangchalearm Satsaksi) ཞེས་པ་མི་སྐོར་ཞིག་གིས་བཙན་ཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་ཐོན་པ་དང་བསྟུན། མང་ཚོགས་ཁྲོད་བཙན་ཁྲིད་དེའི་རྒྱབ་ལ་ཐའེ་ལེན་ཌིའི་གཞུང་ཡོད་པའི་སྐྱོན་བརྗོད་ཤུགས་ཆེན་པོ་བྱས་པ་མ་ཟད། བར་མཚམས་ཆད་པའི་གཞུང་རྒོལ་ལས་འགུལ་དེ་བསྐྱར་དུ་ལངས་མགོ་བརྩམས་ཏེ། འདས་པའི་བདུན་ཕྲག་འགའི་རིང་ནས་ཐའེ་ཡི་གྲོང་ཁྱེར་མང་པོའི་ནང་མི་མང་སྟོང་ཕྲག་བརྒལ་བས་གཞུང་རྒོལ་ལས་འགུལ་ཤུགས་ཆེར་སྤེལ་ཡོད་པ་རེད།

གཞུང་རྒོལ་ལས་འགུལ་ཁྲོད་ཉེན་རྟོག་པས་ལས་འགུལ་བའི་ཐོག་མིག་ཆུའི་དུག་རླངས་དང་། འགྱིག་མདེའུ་སོགས་པའི་དྲག་པོའི་ཐབས་བྱུས་ཀྱི་ལམ་ནས་སྟངས་འཛིན་བྱེད་ཐབས་ཙམ་དུ་མ་ཟད། ཐའེ་གཞུང་གིས་ལས་འགུལ་བའི་སྟོབས་ཤུགས་ལ་ཚོད་འཛིན་ཆེད། རྒྱང་འཕྲིན་(Telegram) དང་དྲ་ལམ་ལས་འགུལ་སྤེལ་སའི་དྲ་གནས་  change.org སྒོ་བརྒྱབ་ཏུ་བཅུག་ཡོད་པ་དང་། ངོ་དེབ་སྤྱི་གཉེར་ཁང་ལ་བརྒྱུད་ལམ་དེའི་ནང་རྒྱལ་སྲིད་ལམ་ལུགས་ལ་སྐྱོན་བརྗོད་ཀྱི་གནས་ཚུལ་འཁོད་པ་དང་། ཚོགས་པ་རིགས་ནག་བསུབ་གཏང་དགོས་པའི་བཀའ་རྒྱ་ཡང་བསྒྲགས་ཡོད་པ་རེད། དེ་བཞིན་ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་ཐའེ་གཞུང་གིས་རྒྱལ་ཡོངས་ཛ་དྲག་དབང་ཚད་འོག་མི་གྲངས་ ༥ ལས་མང་བ་འདུ་འཛོམས་མི་ཆོག་པའི་བཀའ་རྒྱ་བསྒྲགས་ཡོད་ནའང་། མང་ཚོགས་ཀྱི་ཞི་རྒོལ་ལས་འགུལ་དེ་མུ་མཐུད་སྔར་བས་ཤུགས་ཆེར་ཁྱབ་བཞིན་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༡༠/༢༡

Leave a Reply