ཐའེ་ཝན་ལ་དྲག་ཆས་མཚོན་ཆ་བཙོང་རྒྱུའི་ཆོག་མཆན་སྤྲད།

ཨ་རིས་ཐའེ་ཝན་ལ་དྲག་པོའི་མཚོན་ཆ་བཙོང་རྒྱུ་ཡིན་པའི་ཐག་གཅོད་དེ་ནི་རྒྱ་ནག་ལ་ལྷོ་རྒྱ་ནག་རྒྱ་མཚོ་དང་། ཞི་བདེ་རྒྱ་མཚོའི་ཁུལ་དུ་རྒྱ་ནག་གི་རྒྱ་སྐྱེད་དང་བཙན་འཛུལ་ལ་ཁ་གཏད་གཅོག་པར་དམིགས་པའི་བརྡ་ལན་གསལ་བོ་ཞིག་ཆགས་ཡོད་སྐོར་བརྗོད་འདུགཁ་སང་ཕྱི་ཚེས་ ༢༡ ཉིན། ཨ་རིའི་ཊོམ་ཕུ་སྲིད་གཞུང་གིས་ཐའེ་ཝན་ལ་བར་སྣང་འཕུར་མདེལ་གཙོའི་རིན་གོང་ཨ་སྒོར་ཐེར་འབུམ་ ༡ ཙམ་གྱི་དྲག་པོའི་མཚོན་ཆ་བཙོང་རྒྱུའི་ཆོག་མཆན་སྤྲད་དེ། ཨ་རིའི་ཕྱོགས་ནས་ཐའེ་ཝན་མཚོ་གླིང་དུ་རྒྱ་ནག་གི་འཇིགས་སྐུལ་ལ་ཁ་གཏད་གཅོག་རྒྱུ་ཡིན་པའི་རྣམ་པ་ཤུགས་ཆེར་བསྟན་ཡོད་འདུག

དེ་འབྲེལ་གནད་དོན་ཐད། ཨ་རིའི་སྲིད་གཞུང་གིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཨ་རིའི་ཕྱོགས་ནས་ཐའེ་ཝན་ལ་(AGM-84H SLAM-ER)འཕུར་མདེལ་དང་། བར་སྣང་སྐོར་ཞིབ་(air-launched cruise missiles)འཕུར་མདེལ། ད་དུང་ཨ་སྒོར་དུང་ཕྱུར་ ༡༨ ཡིན་པའི་(MS-110)མཚོ་དམག་གྲུ་གཟེངས་དང་།  དེང་རབས་ཐོན་གསར་པའི་(M142)རང་འགུལ་མེ་ཤུགས་འཕུར་མདའ་སོགས་བཙོང་རྒྱུ་ཐག་གཅོད་བྱུང་སྐོར་བརྗོད་འདུག

ཡང་དེ་འབྲེལ་གནས་ཚུལ་ནང་ཨ་རིའི་ངོས་ནས་ཐའེ་ཝན་ལ་དྲག་ཆས་མཚོན་ཆ་བཙོང་རྒྱུ་དང་འབྲེལ། དྲག་ཆས་ལྷུ་ལག་ཆ་ཚང་བའི་རོགས་སྐྱོར་དང་། དམག་གི་ཕྱོགས་ནས་གནད་ལ་ཁེལ་བའི་སྣེ་ཁྲིད་ལམ་སྟོན་དང་། ཐེངས་འདིར་བཙོང་འཆར་ཆོག་མཆན་སྤྲད་ཡོད་པའི་འཕུར་མདེལ་དེ་དག་གིས་ཐའེ་ཝན་མཚོ་འགག་ལ་ད་ལྟ་དང་མ་འོངས་གང་དུ་ཡང་འཇིགས་སྐུལ་ལ་ཁ་གཏད་གཅོག་པའི་ཕན་ཐོགས་ཡོད་པ་མ་ཟད། འཕུར་མདེལ་གཅིག་གིས་ཉིན་མཚན་གཉིས་ལ་སོ་སྲུང་བྱེད་ཐུབ་སྐོར་སོགས་བརྗོད་འདུག

ཐེངས་འདིར་ཨ་རིའི་ཐའེ་ཝན་ལ་དྲག་ཆས་མཚོན་ཆ་བཙོང་རྒྱུའི་ཐད། ད་ལྟའི་ཆར་རྒྱ་ནག་ཕྱོགས་ནས་ཡ་ལན་ལྟ་བུ་གང་ཡང་མེད་ཀྱང་། རྒྱ་ནག་ཕྱོགས་ནས་ཉེ་སྔོན་ཨ་རིའི་ཐའེ་ཝན་ལ་མཚོན་ཆ་བཙོང་མིན་གྱི་གྲོས་གཞི་འགྲོ་བཞིན་པའི་སྐབས་སུ།  ཨ་རིས་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་དང་རྒྱ་ནག་གཅིག་གི་སྲིད་བྱུས་ལ་རྒྱབ་འགལ་བྱེད་བཞིན་ཡོད་སྟབས། རྒྱ་ནག་གིས་ཐའེ་ཝན་རང་བཙན་དང་ཁ་བྲལ་ལ་རྒྱབ་སྐྱོར་བྱེད་མཁན་ཚོར་མཐའ་གཅིག་ཏུ་ངོ་རྒོལ་དང་། རྣམ་པ་གང་ཞིག་གི་སྒོ་ནས་ཡ་ལན་སློག་དགོས་ཀྱང་འཐབ་རྩོད་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད།འདི་ལོའི་ལོ་མགོ་ནས་རྒྱ་ནག་ནས་ཁྱབ་གདལ་ཕྱིན་པའི་ཏོག་ནད་དང་འབྲེལ། རྒྱལ་སྤྱིའི་སྟེང་ཐའེ་ཝན་ནང་ཁུལ་གྱི་ཏོག་ནད་གནས་ཚུལ་དང་། རྒྱ་ནག་གི་གསང་བ་སོགས་ཕྱི་གསལ་ནང་གསལ་བྱུང་བར་བརྟེན།  རྒྱལ་སྤྱིའི་རྒྱལ་ཁབ་ཁག་གིས་ཐའེ་ཝན་མཚོ་འགག་ལ་ལྟ་ཚུལ་ཡག་པོ་ཡོང་བཞིན་པ་དང་བསྟུན། རྒྱ་ནག་ཕྱོགས་ནས་ཐའེ་ཝན་མཚོ་གླིང་ལ་ཐེ་བྱུས་བྱེད་ཤུགས་ཆེ་རུ་སོང་ཡོད་པ་དང་། ལྷག་པར་དུ་ཕྱི་ཟླ་ ༩ བ་ནས་བཟུང་རྒྱ་ནག་དམར་དམག་གིས་ཐའེ་ཝན་མཚོ་ཁུལ་དང་ཐག་ཉེ་བའི་གྲོང་ཁྱེར་ཁག་ཏུ་སྐམ་མཚོ་གནམ་གསུམ་ནས་དམག་སྦྱོང་དང་འཇིགས་སྐུལ་བྱས་ཡོད་པ་མ་ཟད། རྒྱ་ནག་གི་དམག་གྲུ་ཡིས་ཐེ་ཝན་ལྷོ་ནུབ་ཕྱོགས་ཀྱི་མཚོ་ཁོངས་སུ་བཙན་འཛུལ་བྱས་པ་སོགས་དམག་གི་འཇིགས་སྐུལ་ཡང་ཡང་བྱས་ཡོད་པ་རེད།

ཨ་རིའི་ཐའེ་ཝན་ལ་དྲག་པོའི་མཚོན་ཆ་བཙོང་རྒྱུ་དང་འབྲེལ། རྒྱལ་སྤྱིའི་དམག་དོན་དབྱེ་ཞིབ་པ་ཚོས་གནད་དོན་དེ་ནི་ཉེན་ཁ་ཆེན་པོ་ཞིག་དང་ཨ་རིའི་རྒྱ་ནག་ལ་ལྷོ་རྒྱ་ནག་རྒྱ་མཚོ་དང་། ཞི་བདེ་རྒྱ་མཚོའི་ཁུལ་དུ་རྒྱ་ནག་གི་རྒྱ་སྐྱེད་ཐབས་དང་བཙན་འཛུལ་ལ་ཁ་གཏད་གཅོག་པར་དམིགས་པའི་བརྡ་ལན་གསལ་བོ་ཞིག་ཆགས་ཡོད་སྐོར་བརྗོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༡༠/༢༢

Leave a Reply