བོད་པའི་ཟ་ཁང་ཚོང་ཁང་གི་སྒོ་བྱང་བོད་ཡིག་ཏུ་བསྒྱུར་རྒྱུ་རེད།

བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་གོ་སྒྲིག་ཚོགས་ཆུང་གིས་ས་གནས་འབྲེལ་མཐུད་པ་བརྒྱུད་རྒྱ་གར་ནང་གཙོ་བོར་གྱུར་བའི་ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་པའི་ཟ་ཁང་ཚོང་ཁང་རྣམས་ཀྱི་སྒོ་བྱང་བོད་ཡིག་ཏུ་བསྒྱུར་བའི་དྭང་བླངས་ལས་འགུལ་ཞིག་སྤེལ་རྒྱུ་ཡིན་འདུག

ཁ་སང་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་གོ་སྒྲིག་ཚོགས་ཆུང་ནས་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ཏེ།  བོད་མི་ཚོས་ས་གནས་ཡུལ་ལུང་ལ་བསྟུན་དྲགས་ནས་རང་གི་ཟ་ཁང་དང་ཚོང་ཁང་གི་སྒོ་བྱང་སྟེང་བོད་ཡིག་མེད་པའམ། ཡོད་ན་མངོན་གསལ་དོད་པོ་མེད་པར་བརྟེན། བོད་ཀྱི་སྐད་ཡིག་རིག་གཞུང་ལ་མཐོང་ཆེན་དང་སྲུང་སྐྱོབ་བྱ་ཆེད། བོད་པའི་ཚོང་ཁང་དང་ཟ་ཁང་གཉེར་མཁན་ཚོར་འདོད་མོས་ཡོད་ཚེ། ཚོགས་ཆུང་གི་ས་གནས་འབྲེལ་མཐུད་པ་བརྒྱུད་སྒོ་བྱང་རྣམས་བོད་ཡིག་ཏུ་བཅོས་རྒྱུའི་དྭང་བླངས་ཞབས་ཞུའི་ལས་འགུལ་ཞིག་སྤེལ་རྒྱུ་ཡིན་སྐོར་བསྒྲགས་འདུག ཡིན་ནའང་། ད་ལྟའི་ཆར་ཟ་ཁང་ཚོང་ཁང་མ་གཏོགས་གཞུང་སྒེར་གྱི་ལས་རིགས་གཞན་གྱི་སྒོ་བྱང་ལ་འགྱུར་བ་གཏོང་རྒྱུ་ཡིན་མིན་གསལ་ཆ་མི་འདུག

འདི་གའི་གསར་འགོད་པས་ཁ་པར་བརྒྱུད་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་སྐབས་ ༡༥ པའི་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ཤེས་རབ་གྲགས་པ་ལགས་སུ། ལས་འགུལ་དེའི་རྒྱབ་ལྗོངས་དམིགས་ཡུལ་སོགས་ཀྱི་སྐོར་དྲིས་པར་ཁོང་གིས། འདས་ལོར་སྐབས་ ༡༤ པའི་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་སྟེང་། ང་ཚོའི་སྐད་ཡིག་དེ་གནས་ཡུལ་གྱི་སྐད་ཡིག་དང་བསྟུན་དྲགས་ཏེ། དཔེར་ན། རྒྱ་གར་ཡིན་ན་རྒྱ་གར་གྱི་སྐད་ཡིག་དང་། དེ་བཞིན་བལ་ཡུལ་དང་ཕྱི་རྒྱལ་ཁག་ཏུའང་དེ་ལྟར་ཡིན་པས། བོད་ཡིག་དེ་ཡལ་འགྲོ་བཞིན་པའི་རྣམ་པ་མངོན་གྱི་ཡོད་སྟབས། བོད་ཡིག་མཐོང་རྒྱུ་ཡོད་པ་ཞིག་བཟོ་རྒྱུའི་བསམ་ཚུལ་ཤུགས་ཆེན་པོ་བྱུང་སྟེ། ད་ཐེངས་ཀྱི་ལས་འགུལ་འདི་ལྟ་བུ་ཞིག་སྤེལ་རྒྱུའི་ཐག་གཅོད་བྱུང་ཡོད་པ་རེད། ཅེས་བརྗོད་བྱུང་།

ཡང་ལས་འགུལ་དེ་ཇི་ལྟར་སྤེལ་འཆར་ཡོད་མེད་དྲིས་པར་ཁོང་གིས། མཐོ་རིམ་སློབ་མའི་ཚོགས་ཆེན་ལ་རྒྱ་གར་རྒྱལ་ཡོངས་ནང་ས་གནས་འབྲེལ་མཐུད་པ་ ༦༠ ལྷག་ཡོད་སྟབས། ས་གནས་འབྲེལ་མཐུད་པ་བརྒྱུད་ནས་ལས་འགུལ་དེ་སྤེལ་རྒྱུ་ཡིན་ཡང་། ད་ལྟའི་ཆར་བལ་ཡུལ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ས་གནས་འབྲེལ་མཐུད་པ་མེད་སྟབས་དེར་སྙོབ་ཐབས་མེད་པ་དང་། ད་ཐེངས་རྒྱ་གར་ནང་ལས་འགུལ་གྱི་གཞི་ལྟ་བུ་ཞིག་བཏིང་ནས། རིམ་པས་ཚོགས་ཆེན་སྐབས་རྗེས་མ་རྣམས་ཀྱིས་ལས་འགུལ་འདི་རྒྱ་བསྐྱེད་རྒྱུའི་འཆར་གཞི་ཡོད། ཅེས་བརྗོད་བྱུང་ལ། ད་ལྟའི་ཆར་མཐོ་རིམ་སློབ་མའི་ཚོགས་ཆེན་ལ་ལས་འགུལ་འདིའི་ཆེད་དམིགས་བསལ་གྱི་རོགས་དངུལ་ཞལ་འདེབས་ཐོབ་མེད་ནའང་། འདས་ལོའི་ཚོགས་ཆེན་གྱི་མ་དངུལ་ལྷག་འཕྲོའི་ཐོག་སྔར་རྒྱུན་ལྟར་ཞལ་འདེབས་བསྡུ་རུབ་བརྒྱུད་ལས་གཞི་འདིར་འགྲོ་གྲོན་གཏོང་ཐབས་གནང་རྒྱུ་ཡིན་འདུགབོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་ཞེས་པ་འདི་ཉིད་ཕྱི་ལོ་ ༢༠༠༦ ལོར་ཐོག་མར་མགོ་བཙུགས་ཡོད་པ་དང་། ཚོགས་ཆེན་འདིར་རྒྱ་གར་དང་བལ་ཡུལ་ཀྱི་ས་གནས་མི་འདྲ་བ་ ༦༠ ནས་ ༨༠ ལྷག་གི་བོད་ཀྱི་མཐོ་རིམ་སློབ་མ་རྣམས་འདུ་འཛོམས་ཐོག བོད་དོན་དང་མཐོ་རིམ་སློབ་མའི་ཤེས་རིག་གིས་མཚོན་པའི་གནད་དོན་སོགས་ཀྱི་སྐོར་ལ་བགྲོ་གླེང་བྱེད་པའི་སྡིངས་ཆ་ཞིག་ཡིན་པ་དང་། ད་བར་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་ ༡༤ ཚོགས་ཟིན་པ་དང་། སྐབས་རྗེས་མ་དེ་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་སོ་ལན་ (Solan) དུ་རྟེན་གཞི་བྱས་པའི་སྨན་རི་དགོན་པར་འཚོག་གཏན་ཁེལ་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༡༠/༢༢

Leave a Reply

2 thoughts on “བོད་པའི་ཟ་ཁང་ཚོང་ཁང་གི་སྒོ་བྱང་བོད་ཡིག་ཏུ་བསྒྱུར་རྒྱུ་རེད།

  1. བཀུར་འོས་བོད་ཀྱི་མཐོ་རིམ་སློབ་མའི་འཐུས་ཚོགས་ལྷན་རྒྱས་རྣམས་པའི་སྙན་ལམ་དུ། ལག་གཉིས་ཐལ་མོ་སྙིང་དབུས་སུ་སྦྱར་ནས་གུས་གསོལ། ཁྱེད་རྣམ་པས་མཁྱེན་རྒྱ་ཡངས་བའི་ལས་རིམ་ཁག་ལ་གུས་བ་ཡིད་སྨོན་ཤོར་ནས་དགའ་བ་སྟོང་གི་བསུ། འོན་ཀྱང་བདག་ལ་བསམ་ཚུལ་ཚིག་རྐུང་གཅིག་ལས་ཞུ་རྒྱུ་མེད་ན་དེ་དོན་ལྷན་རྒྱས་རྣམ་པས་སྣང་ཆུང་མི་བྱེད་རྒྱུ་རེ་བ་ཆེ🙏། སྤྱིར་ཟ་ཁང་ཚོང་ཁང་གི་སྒོ་བྱང་བོད་ཡིག་ཡིན་ན་བོད་གངས་ཅན་པའི་ཡིད་དབང་ལས་འཕྲོག། དེ་ལས་གལ་ཆེ་བ་ཞིག་ནི་ཁྱེད་ཅག་གི་ལས་རིམ་དང་བོ་ནང་གཞིས་ཆགས་པ་ཚོའི་ཁ་ནང་གི་་་པུ་ར་་་ཟེར་བའི་ཚིག་འབྲུ་རྐང་གཅིག་བུ་འདི་དོར་ཅིག་ཐུབ་ན་བོད་གངས་རི་ལྗོངས་ཀྱི་ཕོ་བྲང་པོ་ཏ་ལས་མཁའ་དབྱིངས་སུ་གངས་ཅན་པ་དགྱེས་བས་མེ་ཏོག་ཆར་བ་འབབ་ངེས་རེད། གཞན་ཁྱེད་རྣམ་པའི་བྱ་བ་ལམ་འགྲོ་ཡོང་བར་བཀྲ་ཤིས་བདེ་ལེགས་གྲངས་མེད་ཡོད།

  2. ཤིན་ཏུ་ནས་དགའ་སྤོབས་བྱེད་འོས་པའི་ལས་འགན་ཞིག་རེད། འདི་དང་མཉམ་བོད་ཀྱི་ཡ་རབས་རྒྱུན་སྲོལ་ཡང་གཅེས་འཛིན་གནང་ཐུབ་ན་ཕན་རླབས་ཆེ།

    སྐུ་དཔར་ནང་མཇལ་སྐབས་དགེ་འདུན་པ་དང་། མི་སྐྱའི་བར་ལ་ཧེ་བག་རྩ་བ་ནས་མེད་པར་མཐོང་། རྣམ་ཀུན་འདྲ་མཉམ་དགོས་པ་གལ་ཆེན་པོ་ཡིན་ཡང་།
    འདྲ་མཉམ་གྱི་ས་མཚམས་འབྱེད་ཐུབ་པ་དགོས། ཕོ་མོ་འདྲ་མཉམ་བར་ལ་བསམ་ན་རྣམ་པ་ཐམས་ཅད་ནས་འདྲ་མཉམ་མི་སྲིད་པ་མིག་སྔར་མཐོང་བཞིན་དུ།
    ད་བར་རང་གི་ཕ་མ། དགེ་རྒན། དགེ་འདུན་པ་སོགས་ལ་རྩིས་བཀུར་ཞུས་པའི་ལམ་སྲོལ་བཟང་པོ་ཞིག་ཡོད། དེ་སྲུང་སྐྱོབ་དགོས་པ་མི་སྐྱ་དང་། དགེ་འདུན་པ་གཉིས་ཀར་ལས་འགན་ཡོད། གཅིག་གིས་མ་ཡིན་ཁུལ་བྱེད། གཞན་དེས་མ་རེད་དོན་མདོག་གནང་ན་མི་འགྲིག