རྒྱ་མོ་གསང་མྱུལ་བ་དེའི་ཡིག་ཆ་མང་པོ་ལག་སོན་བྱུང་ཡོད་འདུག

རྒྱ་ནག་གཞུང་གི་གསང་མྱུལ་བས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་གཟུགས་ལ་བརྟག་དཔྱད་ཞུ་མཁན་སྨན་པའི་གནས་ཚུལ་དང་གསོལ་སྨན་ག་རེ་བཞེས་ཀྱི་ཡོད་མེད་སོགས་ལའང་མྱུལ་ཞིབ་བྱས་ཡོད་སྐོར་བསྒྲགས་འདུག

དེ་རིང་རྒྱ་གར་དུས་བབ་གསར་ཁང་གཙོའི་གསར་ལམ་ཁག་ཅིག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་སྔོན་ཕྱི་ཟླ་ ༩ ཚེས་ ༡༩ ཉིན། རྒྱ་གར་གྱི་གསང་བའི་ཡིག་ཆ་ཁག་རྒྱ་ནག་གཞུང་ལ་མཁོ་སྤྲོད་བྱས་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་པའི་རྒྱ་གར་གྱི་གསར་འགོད་པ་རཱ་རྗི་ཝི་ཤར་མ་(Rajeev Sharma)དང་། ཁོའི་གསང་བའི་ཡིག་ཆ་དག་ལ་ལྐོག་དངུལ་སྤྲོད་མཁན་རྒྱ་མོ་ཆིན་ཧྲི་(Qing shi)ཟེར་བ་དང་། བལ་ཡུལ་གྱི་ཡུལ་མི་རཱ་ཇི་བྷ་རཱ་(Raj Bohra)ཟེར་བ་བཅས་ལ་རྒྱ་གར་གཞུང་གིས་འདས་པའི་ཟླ་གཅིག་ལྷག་རིང་འདྲི་རྩད་བྱས་པ་བརྒྱུད། རྒྱ་མོ་ཆིན་ཧྲི་ཡི་ཡིག་ཆ་ཁག་གི་ནང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་འཕྲོད་བཞེས་བསྟེན་གཏུག་གནང་སའི་སྨན་ཁང་ཁག་གི་སྨན་པ་ཚོའི་ཞིབ་ཕྲའི་གནས་ཚུལ་དང་། སྐུ་གཟུགས་བརྟག་དཔྱད་ག་རེ་གནང་མིན། གསོལ་སྨན་ག་རེ་བཞེས་ཀྱི་ཡོད་མེད་ཚུན་ཆད་བྲིས་ཏེ། རྒྱ་ནག་གསང་བའི་ལས་ཁུངས་ཁག་ལ་མཁོ་སྤྲོད་བྱས་ཡོད་སྐོར་བརྗོད་འདུག

རྒྱ་གར་དུས་བབ་དང་ཛི(zeenews)གསར་ཁང་སོགས་ཀྱི་གནས་ཚུལ་ནང་། རྒྱ་གར་གཞུང་འབྲེལ་གསང་བའི་ལས་ཁུངས་དང་ཉེན་རྟོག་ཕྱོགས་ཀྱིས་འདྲི་རྩད་བྱས་སྐབས། རྒྱ་ནག་གཞུང་གིས་རྒྱ་མོ་ཆིན་ཧྲི་བརྒྱུད་ནས་གསང་མྱུལ་བ་དེ་དག་ལ། རྒྱ་གར་སྲིད་བློན་ལས་ཁུངས་དང་དེ་མིན་བློན་ཆེན་རྣམ་པའི་ནང་ཁུལ་གནས་ཚུལ་འཚོལ་ཞིབ་དགོས་པའི་བཀོད་མངགས་བྱས་ཡོད་པ་མ་ཟད། ཁོ་ཚོས་བསྡུ་རུབ་བྱས་པའི་ཡིག་ཆ་ཁག་ཏུ་རྒྱ་གར་གྱི་བློན་ཆེན་རྣམས་དང་མཐོ་རིམ་མགོ་ཁྲིད་གནད་འགག་ཅན་རྣམས་ཀྱི་མིང་སོགས་རིམ་པ་བཞིན་བྲིས་ཡོད་པ་དང་། རྒྱ་མོ་གསང་མྱུལ་བ་ཆིན་ཧྲི་ཟེར་བ་དེས་གསང་མྱུལ་བ་མང་པོར་འབྲེལ་བ་བྱས་ཡོད་པའི་ཁྲོད་ནས། རྒྱ་གར་ཀལ་ཀ་ཏ་རུ་གནས་སྡོད་རྒྱ་མོ་ཞིག་གིས། ཆིན་ཧྲི་ཡིས་དབྱིན་ཡིག་ནང་ཡོད་པའི་གསང་བའི་ཡིག་ཆ་ཁག་རྒྱ་ཡིག་ཏུ་བསྒྱུར་རྗེས། རྒྱ་ནག་གི་གསང་བའི་ལས་ཁུངས་ཀྱི་མགོ་ཁྲིད་ཅིག་གི་བཟའ་ཟླ་ཏིན(Ding)ཟེར་བ་དང་། དེ་མིན་གྱི་སྐྱེས་པ་མིང་ལ་ཁྲོ་(Chow)ཟེར་བ་གཉིས་ཀྱི་མིང་ཐོག་ལ་བཏང་ཡོད་འདུག

ཆིན་ཧྲི་ཡིས་ཀལ་ཀ་ཏ་ནས་ཡིན་པའི་རྒྱ་མོ་དེ་རྡོ་རྗེ་གདན་དུ་ཡོད་པའི་རྒྱ་ནག་ནང་པའི་དགོན་པའི་(Chinese Mahabodhi Temple)གྲྭ་པ་ཞིག་གིས་ངོ་སྤྲོད་བྱས་སྐོར་བརྗོད་ཡོད་པ་དང་། ད་ལྟའི་ཆར་རྒྱ་གར་ཉེན་རྟོག་ཕྱོགས་ནས་ཀལ་ཀ་ཏ་གཙོའི་ས་གནས་མང་པོར་བུད་མེད་དེ་རྩད་གཅོད་གཏོང་བཞིན་ཡོད་འདུག་ལ། ཉེན་རྟོག་ཕྱོགས་ནས་བུད་མེད་དེ་ཆིན་ཧྲི་འཛིན་བཟུང་བྱས་པ་ནས་གར་སོང་ཆ་མེད་གྱུར་ཡོད་སྐོར་བརྗོད་འདུག

ད་ལྟའི་ཆར་རྒྱ་གར་གཞུང་གིས་གསང་མྱུལ་གནད་དོན་དེར་སྤྱི་ཡོངས་ནས་འདྲི་ཞིབ་གནང་བའི་མགོ་བཙུགས་ཡོད་པ་དང་། རྒྱ་གར་རྒྱལ་ས་ལྡི་ལིའི་ཁྲིམས་ཁང་ཞིག་གི་ཁྲིམས་རྩོད་ཞིབ་པ་དྷར་མན་ཌིར་རཱ་ནཱ་(Dharmender Rana)ཡིས། དོགས་ཡོད་ཉེས་ཅན་གྱི་གློག་འཕྲིན་ནང་གི་ཡིག་ཆ་དང་། ཕན་ཚུན་དྲ་ལམ་ནས་ཁ་བརྡ་བྱས་པ། ཤོག་ཐོག་གི་ཡིག་ཆ་རྙེད་སོན་བྱུང་བ་ཁག་གིས། ཞུ་གཏུག་བྱས་པའི་གྱོད་གཞི་དེར་དཔང་རྟགས་དང་དཔྱད་གཞི་འདང་ངེས་ཡོད་སྐོར་བརྗོད་འདུག

རྒྱ་གར་གཞུང་གིས་རྒྱ་ནག་དང་འབྲེལ་བའི་གསང་མྱུལ་རྩ་འཛུགས་དེའི་གཏེ་བོ་རྣམས་འདི་ལོའི་ཕྱི་ཟླ་ ༩ ནང་འཛིན་བཟུང་བྱས་ཡོད་པ་དང་། སྐབས་དེར་རྒྱ་གར་གྱི་གསར་འགོད་པ་ཤར་མ་ཡིས་ རྒྱ་གར་གཞུང་གི་ཚོར་བ་སྐྱེན་པ་དང་གསང་བ་དང་འབྲེལ་བའི་ཡིག་ཆ་རིགས་རྒྱ་ནག་གི་གསང་བའི་ལས་ཁུངས་སོགས་ལ་སྤྲད་ཡོད་པ་མ་ཟད། ཁོའི་གློག་ཀླད་དང་སྡོད་གནས་ནས་རྒྱ་ནག་ལ་སྤྲད་པའི་རྒྱ་གར་བདེ་སྲུང་ལས་ཁུངས་དང་བདེ་སྲུང་བློན་ཆེན་གྱི་ཡིག་ཆ་རིགས་ལག་སོན་བྱུང་ཡོད་སྟབས། རྒྱལ་ཁབ་ཀྱི་གསང་བའི་ཡིག་ཆ་ཕྱིར་གྱར་དུ་བཅུག་པའི་ནག་ཉེས་འོག་འཛིན་བཟུང་བྱས་ཡོད་པ་མ་ཟད། རྒྱ་གར་གཞུང་གི་འབྲེལ་ཡོད་ལས་ཁུངས་ཁག་དང་ཉེན་རྟོག་ཕྱོགས་ནས་གསར་འགོད་པ་ཤར་མ་ཡིས་རྒྱ་ནག་ལ་གསང་བ་མཁོ་སྤྲོད་དང་།  ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་འབྲེལ་བའི་འཁྱོག་བཤད་རྩོམ་ཡིག་རིགས་བྲིས་པར། རྒྱ་ནག་གཞུང་གིས་རྒྱ་མོ་ཆིན་ཧྲི་བརྒྱུད་ཧིན་སྒོར་ས་ཡ་ ༣  ལྷག་སྤྲད་ཡོད་པའི་གནས་ཚུལ་བསྒྲགས་ཡོད་པ་དང་།  ཤར་མ་ཟེར་བ་དེས་རྒྱ་ནག་ལ་གསང་བའི་གནས་ཚུལ་མཁོ་སྤྲོད་ཆེད་ཕྱི་ལོ་ ༢༠༡༦ ནས་ ༢༠༡༨ བར་རྒྱ་ནག་གི་གསང་བའི་ལས་ཁུངས་ཀྱི་མི་སྣར་ཐུག་འཕྲད་བྱས་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༡༠/༢༣

Leave a Reply

One thought on “རྒྱ་མོ་གསང་མྱུལ་བ་དེའི་ཡིག་ཆ་མང་པོ་ལག་སོན་བྱུང་ཡོད་འདུག