ཨ་རིའི་སྲིད་འཛིན་འོས་མི་གཉིས་ཀྱིས་ཡོངས་ཁྱབ་བགྲོ་གླེང་མཐའ་མ་བྱས།

ཁ་སང་ཨ་རིའི་མངའ་སྡེ་ཊེ་ནི་སིའི་བྷེལ་མོན་ཏི་གཙུག་ལག་སློབ་ཆེན་ (Belmont University, Tennessee) དུ། ཨ་རིའི་སྲིད་འཛིན་འོས་མི་ཊོམ་ཕུ་དང་རྗོ་བྷའེ་ཌིན་བར་གྱི་སྲིད་འཛིན་འོས་མིའི་བགྲོ་གླེང་མཐའ་མ་དེ་ཚོགས་ཡོད་ཅིང་། བགྲོ་གླེང་ཐོག་ཏོག་དབྱིབས་གཉན་རིམས་དང་། ཨུ་རུ་སུ་དང་ཨི་རཱན་སོགས་ཀྱིས་ཨ་རིའི་འོས་བསྡུ་ལ་ཐེ་བྱུས་བྱེད་ཀྱིན་པའི་གནད་དོན་དང་འབྲེལ་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་། ཨ་རིའི་འཕྲོད་བསྟེན་འགན་ལེན་སྲིད་བྱུས། གོ་ལའི་གནམ་གཤིས་འགྱུར་ལྡོག་སོགས་ཀྱི་ཐད་བགྲོ་གླེང་གནང་ཡོད་འདུགཐེངས་འདིའི་བགྲོ་གླེང་གི་གཙོ་སྐྱོང་བ་ཨེན་བྷི་སི་བརྙན་འཕྲིན་གསར་ཁང་གི་གསར་འགོད་པ་ཀི་རི་སི་ཊན་ཝལ་ཀར་ (Kristen Welker) གྱིས་སྲིད་འཛིན་ཊོམ་ཕུ་ལ། ཏོག་དབྱིབས་གཉན་རིམས་ཀྱི་རིམ་པ་རྗེས་མའི་ནང་སྣེ་ཁྲིད་ཇི་ལྟར་བྱ་རྒྱུ་ཡིན་མིན་དྲིས་པར་ཊོམ་ཕུ་ཡིས། ང་ཚོས་རྒྱ་ནག་ནས་མཆེད་པའི་ན་ཚ་འདིར་ཁ་གཏད་གཅོག་ཆེད་འཛམ་གླིང་གི་དཔལ་འབྱོར་ཆེ་ཤོས་དེ་སྒོ་བརྒྱབ་པ་རེད། འདི་ནི་འཛམ་གླིང་རྒྱ་ཁྱབ་ཀྱི་ནད་ཡམས་ཤིག་རེད། ད་ལྟ་ཡུ་རོབ་གཙོས་པའི་འཛམ་གླིང་གི་ས་ཕྱོགས་གང་སར་ནད་ཡམས་ཤུགས་ཆེར་འགྲོ་བཞིན་ཡོད་ནའང་། ཨ་རིའི་ནང་ད་ལྟ་ནད་པའི་འདས་གྲངས་དེ་བརྒྱ་ཆ་ ༨༥ ལ་མར་ཆག་ཡོད་ཅིང་། ང་ཚོས་དེར་འཐབ་རྒོལ་བྱེད་མུས་རེད། ཅེས་དང་། ཨ་རིའི་མངའ་སྡེ་ཧྥོ་ལོ་རི་ཌ་དང་། ཊེག་སིས། ཨེ་རི་ཛོ་ན་བཅས་ནང་གཉན་རིམས་ཤུགས་ཆེར་ཁྱབ་ཡོད་ཀྱང་ད་ལྟ་མར་འཇགས་ཟིན། ང་ཚོར་ད་ལྟ་སྔོན་འགོག་སྨན་ཁབ་གྲ་སྒྲིག་ཡོད་པ་ལྟར། བདུན་ཕྲག་འགའི་ནང་ཡོངས་ཁྱབ་བྱས་ཏེ། ཨ་རིའི་དམག་གིས་ཧ་ཅང་མྱུར་པོའི་ཐོག་ནས་བགོ་འགྲེམ་བྱ་རྒྱུ་རེད། ང་རང་སྨན་ཁང་དུ་ཡོད་སྐབས་ཀྱང་སྨན་དེ་བཟས་ནས་དྲག་སྐྱེད་བྱུང་བ་རེད། ཅེས་དང་། འཛམ་གླིང་གི་མགོ་འཁྲིད་མང་པོས་ང་ཚོའི་བྱེད་བབ་ལ་བསྔགས་བརྗོད་བྱེད་ཀྱི་ཡོད་པ་རེད། ང་ཚོས་ཟླ་རེར་ཉེན་སྲུང་མིག་ཤེལ་དང་། ཁ་རས། ལུས་སྲུང་གྱོན་ཆས། དབུགས་སྐྱོར་འཕྲུལ་ཆས་བཅས་ཕོན་ཆེན་བཟོས་ཏེ། འཛམ་གླིང་ཡོངས་ལ་བགོ་འགྲེམ་བྱེད་བཞིན་ཡོད་པས། གཉན་རིམས་འདི་མེད་པར་འགྲོ་ངེས་རེད། ཅེས་འདུག

དེ་བཞིན་སྲིད་འཛིན་གཞོན་པ་ཟུར་པ་རྗོ་བྷའེ་ཌིན་ལ་གཉན་རིམས་འདི་ལས་ཐར་ཐབས་ཇི་ལྟར་བྱ་མིན་དྲིས་པར་ཁོང་གིས། ད་ལྟ་ཨ་རིའི་མི་གྲངས་ ༢༢༠༠༠༠ ལྷག་རྐྱེན་འདས་སུ་ཕྱིན་ཡོད། མི་གྲངས་འདི་འདྲའི་མང་པོ་ཞིག་རྐྱེན་འདས་ཕྱིན་དུ་འཇུག་མཁན་གྱི་མི་སུ་འདྲ་ཞིག་ཡིན་རུང་མུ་མཐུད་ཨ་རིའི་སྲིད་འཛིན་དུ་སྡོད་ཐབས་མེད། ད་ལྟའི་ང་ཚོའི་གནས་སྟངས་ནི། ཉིན་རེར་མི་སྟོང་ཕྲག་རེ་རྐྱེན་འདས་དང་ནད་པ་གསར་པ་ཁྲི་ ༧ ལྷག་ཐོན་གྱི་ཡོད། ད་ལྟའི་ཚོད་དཔག་ལྟར་ན། འདི་ལོའི་ལོ་མཇུག་བར་ད་དུང་མི་གྲངས་འབུམ་ ༢ ལྷག་གྲོངས་རྒྱུ་རེད། སྲིད་འཛིན་ཁོ་རང་གི་ལམ་སྟོན་པས་བཤད་པ་ལྟར། གལ་ཏེ་ང་ཚོས་ཁ་རས་གྱོན་ན། ང་ཚོས་མི་གྲངས་འབུམ་ ༡ ལྷག་སྐྱོབ་ཐུབ། འོན་ཀྱང་ད་ལྟ་ང་ཚོའི་སྲིད་འཛིན་ལ་ད་དུང་ཡང་འཆར་གཞི་གསལ་པོ་ཞིག་མེད་པ་རེད། ཅེས་དང་། ངས་མི་ཚང་མས་དུས་ཀུན་ཏུ་ཁ་རས་གྱོན་རྒྱུར་སྐུལ་སློང་བྱ་རྒྱུ་ཡིན་ལ། ང་ཚོ་གཉན་རིམས་བརྟག་དཔྱད་མྱུར་པོ་བྱ་རྒྱུའི་ཕྱོགས་སུ་གཞོལ་ཏེ། སློབ་གྲྭ་དང་ཚོང་དོན་ཁག་བདེ་འཇགས་ཀྱི་ཐོག་ནས་སྒོ་འབྱེད་ཐུབ་པའི་རྒྱལ་ཡོངས་རང་བཞིན་གྱི་ཚད་གཞི་ཞིག་ཀྱང་གཏན་འབེབ་ཀྱིས། ཚོང་དོན་རྣམས་ལ་གཞུང་རང་ནས་མཐུན་འགྱུར་ཡང་ཞུ་རྒྱུ་ཡིན། ཅེས་བརྗོད་འདུག

ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་གནད་དོན་མང་པོའི་ཐོག་འོས་མི་གཉིས་ཀས་དགག་སྒྲུབ་བྱས་རྗེས། གཙོ་སྐྱོང་བས་ད་ལན་གྱི་བགྲོ་གླེང་གི་བརྗོད་གཞི་ཆེན་པོ་གཉིས་པ་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་ནས། ཉེ་ཆར་ཨི་རཱན་དང་ཨུ་རུ་སུས་ཨ་རིའི་འོས་བསྡུའི་ནང་ཐེ་བྱུས་བྱེད་ཀྱི་ཡོད་པའི་གནས་ཚུལ་དང་འབྲེལ། རྗོ་བྷའེ་ཌིན་ལ་འདི་ལྟ་བུའི་ཉེན་ཁ་རིགས་རྩ་མེད་གཏོང་ཐབས་ཅི་ཡོད་སྐོར་དྲིས་པར་ཁོང་གིས། ངས་གསལ་པོ་བཟོས་ཟིན། རྒྱལ་ཁབ་སུ་འདྲ་ཞིག་གིས་ཀྱང་ཨ་རིའི་འོས་བསྡུ་ལ་ཐེ་བྱུས་བྱས་ཚེ། དེར་ཡ་ལན་ཚ་ནན་སྤྲོད་རྒྱུ་ཡིན། ད་ལྟ་ང་ཚོས་ཨུ་རུ་སུ་དང་རྒྱ་ནག་ཙམ་དུ་མ་ཟད། ཨི་རཱན་གྱིས་ཀྱང་ཨ་རིའི་འོས་བསྡུ་ལ་ཐེ་བྱུས་བྱེད་ཀྱི་ཡོད་པ་ཤེས་ཡོད། འདི་ནི་ཨ་རིའི་བདག་དབང་ལ་ཐེ་བྱུས་བྱས་པ་ཞིག་རེད། གལ་ཏེ་ང་སྲིད་འཛིན་དུ་བདམས་ཐོན་བྱུང་ཚེ། ངས་ཁོ་ཚོར་ཡ་ལན་ཚ་བོ་སྤྲོད་རྒྱུ་ཡིན། འོན་ཀྱང་ངས་བསམ་ན་སྲིད་འཛིན་ཊོམ་ཕུ་ཡིས་དེའི་སྐོར་པུ་ཊིན་ལ་གང་ཡང་བཤད་མེད། ངས་རེ་བ་ལ་སྲིད་འཛིན་གྱིས་ཨི་རཱན་ལ་ཐད་ཀར་བཤད་ན་བསམ་ཡོད། ཅེས་དང་། ཨུ་རུ་སུས་ང་རང་སྲིད་འཛིན་དུ་བདམས་ཐོན་མ་བྱུང་ན་བསམ་གྱི་ཡོད་པ་རེད། འོན་ཀྱང་པུ་ཊིན་གྱིས་ཨབ་གྷ་ནི་སི་ཐན་ནང་ཡོད་པའི་ཨ་རིའི་དམག་མི་རྣམས་གསོད་དུ་མི་གཏོང་གི་ཡོད་པ་དང་། ད་དུང་ཨ་རིའི་མནའ་འབྲེལ་མཐུན་ཚོགས་(NATO) གཏོར་བརླག་གཏོང་རྒྱུའི་ལས་གཞི་སྤེལ་བཞིན་པ་དེར། སྲིད་འཛིན་ཊོམ་ཕུ་ཡིས་ཐད་ཀར་སྐྱོན་བརྗོད་བྱེད་ཀྱི་མེད་པ་དེ་གང་ཡིན་ནམ། ཞེས་སོགས་བརྗོད་འདུག

དེར་སྲིད་འཛིན་ཊོམ་ཕུ་ཡིས། རྗོ་བྷའེ་ཌིན་གྱི་ཁྱིམ་ཚང་ལ་ཨུ་རུ་སུའི་ས་ནས་ཨ་སྒོར་ས་ཡ་ ༣།༥ ཐོབ་པ་དེར་གསལ་བཤད་བྱེད་དགོས་པ་དང་། ཁོ་རང་ལ་ད་བར་ཨུ་རུ་སུ་ནས་དངུལ་གཅིག་ཀྱང་ཐོབ་མེད་ཅིང་། སྲིད་འཛིན་ཊོམ་ཕུ་ཡིས་ཨུ་རུ་སུར་དཔལ་འབྱོར་ཉེས་ཆད་བཏང་བ་མ་ཟད། ནེ་ཐོ་མཐུན་ཚོགས་ཀྱི་རྒྱལ་ཁབ་ཚོས་ཨ་སྒོར་ཐེར་འབུམ་ ༡༣༠ བསྣན་རྒྱུའི་གྲོས་གཞི་བཏོན་པ་དང་། དེ་ནི་ཨུ་རུ་སུར་ཁ་གཏད་གཅོག་ཆེད་ཡིན་སྐོར་དང་། ད་བར་ཨུ་རུ་སུ་ལ་སྲིད་བྱུས་མཁྲེགས་པོ་འཛིན་མཁན་ཊོམ་ཕུ་རང་ཉིད་ལས་ཡན་ཞིག་བྱུང་མྱོང་མེད་པ་དང་། རྗོ་བྷའེ་ཌིན་སྲིད་འཛིན་གཞོན་པ་ཡིན་སྐབས་ཨུ་རུ་སུས་ཡུ་ཁེ་རན་གྱི་གྲུ་ཁ་ཞིག་བཙན་བཟུང་བྱས་ཡོད་ནའང་། དེར་ཁ་གཏད་གཅགས་ཐུབ་མེད་སྐོར་དང་། རྗོ་བྷའེ་ཌིན་གྱིས་ཨ་རིའི་མི་མང་རྣམས་ལ་ཨུ་རུ་སུའི་དངུལ་གྱི་སྐོར་གསལ་བཤད་དགོས་སྐོར་བརྗོད་ཡོད་འདུག རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་ནས་འོས་མི་གཉིས་ཀྱིས་རྒྱ་ནག་དང་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་ལས་གཞིའི་སྐོར་ནས་བགྲོ་གླེང་བྱས་སོང་།

དེ་ནས་གཙོ་སྐྱོང་བས་ཨ་རིའི་འཕྲོད་བསྟེན་སྨན་བཅོས་ཀྱི་གནད་དོན་དང་འབྲེལ། ཊོམ་ཕུ་སྲིད་གཞུང་གིས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་སྲིད་འཛིན་ཨོ་བྷ་མའི་འཕྲོད་བསྟེན་འགན་ལེན་སྲིད་བྱུས་ (Affordable Care Act) ཞེས་པ་དེ་རྩིས་མེད་གཏང་རྒྱུའི་ཞུ་འབོད་ལས་འགུལ་སྤེལ་བཞིན་ཡོད་པ་ལྟར། གལ་ཏེ་ཁྲིམས་ཁང་གིས་རྩིས་མེད་གཏང་ཚེ། འཕྲོད་བསྟེན་འགན་ལེན་གྱི་སྲིད་བྱུས་དེའི་འོག་ཡོད་པའི་ཨ་རིའི་མི་གྲངས་ས་ཡ་ ༢༠ རྣམས་ལ་འགན་ལེན་ཇི་ལྟར་བྱ་མིན་དྲིས་པར་ཁོང་གིས། ཨོ་བྷ་མ་སྨན་བཅོས་ལྟ་སྐྱོང་སྲིད་བྱུས་དེ་ཡག་པོ་ཞིག་མིན་པ་དང་། ཁོའི་ངོས་ནས་འཕྲོད་བསྟེན་འགན་ལེན་སྲིད་བྱུས་གསར་པ་ཞིག་འདོན་རྒྱུ་མ་ཟད། སྐྱེས་དུས་ནད་གཞི་ཡོད་པའི་མི་རྣམས་སྲུང་སྐྱོབ་བྱ་རྒྱུ་དང་། ཨོ་བྷ་མའི་སྲིད་བྱུས་དེ་རྩིས་མེད་གཏང་རྒྱུ་ཡིན་སྐོར་དང་། ད་ལྟའི་ཆར་ཨ་རིའི་ནང་སྒེར་གྱི་སྨན་བཅོས་ལྟ་སྐྱོང་སྲིད་བྱུས་ཡོད་མཁན་མི་གྲངས་ས་ཡ་ ༡༨༠ ཡོད་ནའང་། རྗོ་བྷའེ་ཌིན་གྱིས་དེ་དག་མེད་པར་བཟོ་རྩིས་བྱེད་ཀྱི་ཡོད་སྐོར་བརྗོད་ཡོད་འདུག་ལ། དེར་རྗོ་བྷའེ་ཌིན་གྱིས། རང་ཉིད་ཀྱི་འཕྲོད་བསྟེན་སྲིད་བྱུས་ཁོངས་སུ་སྒེར་གྱི་འཕྲོད་བསྟེན་ལྟ་སྐྱོང་ལས་གཞི་རྣམས་རྩིས་མེད་གཏོང་ཐབས་བྱས་མེད་པ་དང་། སྲིད་འཛིན་ཊོམ་ཕུ་ལ་ད་བར་སྐྱེས་དུས་ནས་ནད་གཞི་ཡོད་པའི་མི་ཚོར་འཕྲོད་བསྟེན་འགན་ལེན་ཐོབ་ཐབས་ཀྱི་འཆར་གཞི་གང་ཡང་མེད་པ་མ་ཟད། འདི་ལོའི་ཏོག་དབྱིབས་གཉན་རིམས་ཀྱི་དུས་སྐབས་འདིར་ཊོམ་ཕུ་སྲིད་གཞུང་གི་རྐྱེན་པས། མི་གྲངས་ས་ཡ་ ༡༠ ལྷག་གི་སྒེར་གྱི་འཕྲོད་བསྟེན་འགན་ལེན་བརླགས་ཡོད་པ་མ་ཟད། ད་དུང་མི་གྲངས་ས་ཡ་ ༢༢ ལས་མང་བའི་འགན་ལེན་མེད་པར་བཟོ་རྩིས་བྱེད་ཀྱི་ཡོད་སྐོར་ལན་འདེབས་བྱས་འདུག

དེ་བཞིན་འདི་ལོར་ཨ་རིར་བྱུང་བའི་མི་རིགས་དབྱེ་འབྱེད་ཀྱི་དོན་རྐྱེན་དང་འབྲེལ་ནས་སྲིད་འཛིན་འོས་མི་སྒེར་ངོས་ནས་ཨ་རིའི་མི་རིགས་དབྱེ་འབྱེད་ཀྱི་གནད་དོན་ལ་སྤྱི་ཡོངས་ནས་ལྟ་ཕྱོགས་ཅི་འདྲ་ཡོད་མེད་ཀྱི་ཐད། རྗོ་བྷའེ་ཌིན་གྱིས། ཁོའི་བུ་མོས་སྤྱི་ཚོགས་ཞབས་ཞུའི་ཐོག་སློབ་སྦྱོང་བྱེད་ཀྱི་ཡོད་པ་དང་། ཁོ་རང་ལྟ་བུ་ཡིན་ནའང་མི་རིགས་ནག་པོ་འདུས་སྡོད་ཆེ་བའི་ས་ཁུལ་དུ་ལས་ཀ་བྱས་དོན་ཡང། གནད་དོན་དེར་སློབ་སྦྱོང་བྱ་ཆེད་ཡིན་སྐོར་དང་། མི་རིགས་ནག་པོའི་ཕ་མ་རྣམས་ཀྱི་རང་གི་ཕྲུ་གུར་སྲོག་ཤོར་རྒྱུའི་ཉེན་ཁ་འཕྲད་སྲིད་པར་ཞེད་སྣང་བྱེད་བཞིན་པ་དེར་བསམ་ཤེས་ཐུབ་ཀྱི་ཡོད་ལ།  སྲིད་འཛིན་ཊོམ་ཕུ་ཡིས་དཀའ་རྙོག་འདི་སེལ་ཐབས་ལ་གང་ཡང་བྱས་མེད་སྐོར་སྐྱོན་བརྗོད་བྱས་འདུག་པ་དང་། དེར་སྲིད་འཛིན་ཊོམ་ཕུ་ཡིས། རྗོ་བྷའེ་ཌིན་ལོ་ངོ་ ༤༧ རིང་གཞུང་ནང་ཡོད་ནའང་། ཁོས་མི་རིགས་ནག་པོའི་ཆེད་གང་ཡང་བྱས་མེད་པ་དང་། ཨ་རིའི་སྲིད་འཛིན་ལིན་ཁོན་(Abraham Lincoln) ཕུད་ཨ་རིའི་སྲིད་འཛིན་ཁྲོད་ནས་མི་རིགས་ནག་པོའི་ཐད་ཁོང་ཉིད་ལས་ལྷག་པ་ཞིག་སུ་ཡང་བྱུང་མེད་སྐོར་དང་། ཊོམ་ཕུ་སྲིད་གཞུང་ངོས་ནས་མི་རིགས་ནག་པོའི་ཁེ་ཕན་ལ་དམིགས་པའི་མ་དངུལ་འབོར་ཆེན་བཏང་སྟེ། མི་རིགས་ནག་པོའི་མཐོ་སློབ་དང་གཙུག་ལག་སློབ་ཆེན་ཁག་སྲུང་སྐྱོབ་བྱས་ཡོད་སྐོར་བརྗོད་ཡོད་འདུག

མཇུག་ཏུ་འོས་མི་གཉིས་ཀྱིས་མཇུག་བསྡོམས་ཀྱི་ཚུལ་དུ། རང་ཉིད་སྲིད་འཛིན་དུ་འོས་འདེམས་བྱུང་བའི་མཛད་སྒོར། རང་ཉིད་ལ་འོས་ཤོག་འཕངས་མེད་པའི་མི་ཚོར་བརྡ་ལན་ག་རེ་སྤྲོད་རྒྱུ་ཡིན་མིན་དྲིས་པར། སྲིད་འཛིན་ཊོམ་ཕུ་ཡིས། ང་ཚོས་རང་གི་རྒྱལ་ཁབ་འདི་རྒྱ་ནག་ནས་མཆེད་པའི་གཉན་རིམས་མ་བྱུང་སྔོན་གྱི་དུས་སྐབས་ལྟར་ལེགས་འགྲུབ་བཟོ་དགོས། ལེགས་འགྲུབ་ཀྱིས་ང་ཚོ་ཚང་མ་གཅིག་ཏུ་བསྡུ་ཐུབ། ང་ཚོ་ལེགས་འགྲུབ་ཀྱི་ལམ་དུ་ཞུགས་ཡོད། ངས་དཔྱ་ཁྲལ་གཅོག་ཐབས་བྱེད་ཀྱིན་ཡོད་ཀྱང། ཁོས་ཚང་མའི་ཁྲལ་སྤར་ཏེ་ཡོད་ཚད་ལ་ཁྲིམས་སྒྲིག་གསར་པ་བཟོ་འདོད་བྱེད་ཀྱི་ཡོད། གལ་ཏེ་ཁོ་སྲིད་འཛིན་དུ་བསྐོས་ཚེ། ཁྱེད་རང་སེམས་གཅོང་ནང་ལྷུང་སྲིད་ལ། རྒྱལ་ཁབ་འདི་ལ་མཚོན་ན་ཧ་ཅང་ཡིད་སྐྱོ་བའི་ཉིན་མོ་ཞིག་ཆགས་སྲིད། ཅེས་བརྗོད་འདུག་ལ། རྗོ་བྷའེ་ཌིན་གྱིས། ང་ཨ་རིའི་སྲིད་འཛིན་ཡིན་པ་དང་། ཁྱེད་ཀྱིས་ང་ལ་འོས་འཕངས་ཡོད་མེད་ལ་མ་ལྟོས་པར་ངས་ཁྱེད་ཀྱི་ཚབ་བྱ་ངེས་ཡིན། ངས་ཁྱེད་ལ་རེ་བ་སྦྱིན་རྒྱུ་ཡིན། ང་ཚོས་རྟོག་བཟོའི་ཚབ་ཏུ་ཚན་རིག་དང་། ཞེད་སྣང་གི་ཚབ་ཏུ་རེ་བ་གདམ་རྒྱུ་ཡིན། ང་ཚོར་ཡར་རྒྱས་གཏོང་རྒྱུའི་གོ་སྐབས་ཆེན་པོ་ཡོད་པས་ང་ཚོ་ནམ་ཡང་མདུན་དུ་བསྐྱོད་རྒྱུ་ཡིན། ཞེས་བརྗོད་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༡༠/༢༣

Leave a Reply