ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་དོན་གྲོས་འཆར་བཏོན།  

ཨ་རིའི་གྲོས་ཚོགས་གོང་མའི་ནང་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོ་བཙན་གྱིས་ངལ་སྩོལ་དུ་བཀོལ་བཞིན་པའི་ཐད་ཞིབ་འཇུག་དང་བོད་མི་ཚོའི་རྒྱུན་ལྡན་ཆོས་ལུགས་བྱེད་སྒོ་ཁག་ལ་དམ་དྲག་བྱེད་བཞིན་པར་ངོ་རྒོལ་དགོས་པའི་ཁྲིམས་འཆར་བཏོན་འདུགཁ་སང་ཕྱི་ཚེས་ ༢༢ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་ནང་། གྲོས་ཚོགས་འཐུས་མི་སྐུ་ཞབས་ཇོ་ཤི་ཧའོ་ལེ་(Josh Hawley)ལགས་ཀྱིས། གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ལ་རྒྱ་ནག་གཞུང་གིས་༧རྒྱལ་བ་རིན་པོ་ཆེ་མཆོག་གི་ཡང་སྲིད་ལ་ཐེ་བྱུས་དང་བོད་མི་ཚོར་ཆོས་དད་རང་དབང་སྤྲོད་ཀྱི་མེད་པ། བོད་ནང་གི་བོད་མི་ཚོ་བཙན་གྱིས་ངལ་སྩོལ་དུ་བཀོལ་བཞིན་པའི་ཐད་ཞིབ་འཇུག་དང་། རྒྱ་ནག་གཞུང་གིས་བོད་ནང་གདུག་རྩུབ་སྲིད་བྱུས་སྤེལ་བཞིན་པར་རྒྱལ་སྤྱིའི་ཁྱོན་ཡོངས་ནས་ངོ་རྒོལ་བྱེད་པར་འབོད་སྐུལ་གནང་དགོས་པའི་གྲོས་འཆར་ཞིག་བཏོན་འདུག

དེ་འབྲེལ་གྲོས་འཆར་ནང་བོད་དོན་དང་འབྲེལ་བའི་དོན་ཚན་ལྔ་ཞིག་ཡོད་པ་ལས། རྒྱ་ནག་གཞུང་གིས་བོད་མི་ཚོའི་ཆོས་དད་རང་མོས་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཡང་སྲིད་ལ་ཐེ་བྱུས་བྱེད་བཞིན་པར་ངོ་རྒོལ་དང་། བོད་མི་ཚོའི་རྒྱུན་ལྡན་ཆོས་ལུགས་བྱེད་སྒོ་ཁག་དམར་ཤོག་ཚོགས་པའི་འདོད་མོས་ལྟར་དྭང་ལེན་བྱེད་དུ་འཇུག་བཞིན་པ་མ་ཟད། བོད་མི་ཚོ་བཙན་གྱིས་ངལ་སྩོལ་དུ་བཀོལ་བཞིན་པའི་ཐད་ཞིབ་འཇུག་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་རྒྱ་ནག་གཞུང་བར་གྲོས་མོལ་ཡོང་བར་རྒྱབ་སྐྱོར་དང་འབོད་སྐུལ། རྒྱ་ནག་གཞུང་གིས་བོད་མི་ཚོར་དམ་དྲག་བཙན་གནོན་བྱེད་བཞིན་པར་རྒྱལ་སྤྱིའི་རྒྱལ་ཁབ་གཞན་ནས་ངོ་རྒོལ་སྐྱོན་བརྗོད་ཡོང་བའི་སེམས་ཤུགས་སྤར་དགོས་སྐོར་བཀོད་འདུག

ཐེངས་འདིའི་ཁྲིམས་འཆར་ནང་དམིགས་བསལ་གྱི་གྲོས་གཞི་གསར་པ་ལྟ་བུ་མེད་ཀྱང་། གྲོས་འཆར་དེ་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནས་ཁྲིམས་སུ་གཏན་འབེབ་བྱས་པའི་ཕྱི་ལོ་ ༢༠༡༩ ལོའི་ཨ་རིའི་བོད་ཐོག་འཛིན་པའི་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་འཆར་(H.R.4331 – Tibetan Policy and Support Act of 2019) ཞེས་པའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་དང་། ཕྱི་ལོ་ ༢༠༠༢ ལོར་གཏན་ལ་ཕབ་པའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་བཅས་ལག་བསྟར་དང་། དོ་ནན་པོས་རྒྱ་ནག་གཞུང་གིས་བོད་ནང་དྲང་བདེན་མ་ཡིན་པའི་སྲིད་བྱུས་ཁག་ལ་གདོང་ལེན་བྱ་དགོས་པའི་གྲོས་འཆར་ཞིག་ཆགས་ཡོད་འདུག

ད་ལྟའི་ཆར་གྲོས་འཆར་དེ་ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་བཏོན་ཏེ། ཨ་རིའི་ཕྱི་འབྲེལ་ཚོགས་ཆུང་ལ་སྙན་གསེང་ཞུས་ནས་གྲོས་ཚོགས་འཐུས་སྐུ་ཞབས་ཐོམ་ཊི་ལའེ་སི་(Thom Tillis)ལགས་དང་།  སྐུ་ཞབས་ཊེ་ཌི་ཁུ་རུ་ཛི་(Ted Cruz)། སི་ཀོལ་ཊི་(Tim Scott)།  མཱར་ཤཱ་བྷི་ལཱ་ཁི་བྷོརན(Marsha Blackburn)།  མཱེག་ཁི(Mike Braun)།  ཊོ་དྷི་ཡོན(Todd Young)། ཁེ་ལའེ་ལའོ་ཧྥི་ལོར(Kelly Loeffler)།  བྷེལ་ཁཱ་སི་དྷེ(Bill Cassidy)།  མཱར་ཐཱ(Martha McSally)།  རྗམ་སི་ལན་ཧྥོར་སྒྲི(James Lankford)བཅས་འཐུས་མི་བཅུ་ཡིས་རྒྱབ་སྐྱོར་གནང་ཡོད་འདུག

ཕྱི་ལོ་ ༢༠༡༩ ལོར་ཨ་རིའི་གྲོས་ཚོགས་ནས་ཕྱི་ལོ་ ༢༠༠༢ ལོར་གཏན་ལ་ཕབ་པའི་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་ལ་བསྐྱར་བཅོས་དང་འཐུས་སྒོ་ཇེ་ཚང་དུ་བཏང་བའི་ནང་། གཅིག ༧གོང་ས་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་ཐད་ཨ་རིའི་གཞུང་འབྲེལ་སྲིད་བྱུས་ཤིག་བཟོས་ཏེ། ༧གོང་ས་མཆོག་གི་ཡང་སྲིད་ནི་ནང་པའི་རྗེས་འབྲང་པ་དང་༧གོང་ས་མཆོག་སྐུ་སྒེར་གྱི་ལམ་སྟོན་འོག་ནས་འགྲོ་དགོས་པ་ལས་སྲིད་གཞུང་ཞིག་གིས་ཐེ་གཏོགས་བྱ་མི་ཆོག་པ་དང་། གཉིས། མ་འོངས་པའི་༧གོང་ས་མཆོག་གི་ཡང་སྲིད་ཐད་ཐེ་གཏོགས་བྱེད་མཁན་རྒྱ་ནག་གི་མགོ་འཁྲིད་ཚོར་ཉེས་ཆད་གཅོད་རྒྱུ་ཡིན་པ་དང་ཉེས་ཆད་ནང་རྒྱ་ནག་གཞུང་གི་འབྲེལ་ཡོད་ལས་བྱེད་ཚོའི་ཨ་རིའི་ནང་ཡོད་པའི་རྒྱུ་དངུལ་གཞུང་བཞེས་དང་ཨ་རིར་ཡོང་རྒྱུར་བཀག་སྡོམ་བྱེད་དགོས་པ་སོགས་ཡོད་ལ། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་དབུ་འཁྲིད་བདམས་པར་སྲིད་གཞུང་ཞིག་གི་ཐེ་གཏོགས་མི་ཡོང་སླད། ཨ་རིའི་གཞུང་གིས་བོད་མི་ཚོར་རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་འཚོལ་ཐབས་བྱེད་དགོས་ཀྱི་ཡོད་འདུག གསུམ་པ། བོད་ཀྱི་རྒྱལ་ས་ལྷ་སར་ཨ་རིའི་གཞུང་ཚབ་ཁང་ཞིག་བཙུག་མ་བཅུག་བར་དུ། ཨ་རིའི་ནང་རྒྱ་ནག་གི་གཞུང་ཚབ་ཁང་གསར་འཛུགས་བྱེད་མི་ཆོག་པ་དང་། བཞི་པ། ཕྱི་ལོ་ ༢༠༠༢ ལོའི་ཨ་རིའི་བོད་ཐོག་འཛིན་པའི་སྲིད་བྱུས་ཁྲིམས་ཡིག་དེར་བསྐྱར་ཞིབ་བྱས་ཏེ། བོད་དོན་ལ་རྒྱབ་སྐྱོར་བྱེད་རྒྱུ་ནི་ཨ་རིའི་ཁྲིམས་ཀྱི་ཆ་ཤས་ཤིག་ཏུ་བཟོ་རྒྱུ། ལྔ་པ། བོད་ཀྱི་ས་ཁམས་གནས་སྟངས་གལ་ཆེན་དུ་བརྩིས་ཏེ། བོད་ཀྱི་ཆུ་དང་བོད་ནང་འཕྲད་བཞིན་པའི་ཁོར་ཡུག་གི་དཀའ་ངལ་ཁག་ཐེར་འདོན་བྱེད་རྒྱུ་དང་། དྲུག་པ། ཕྱི་ལོ་ ༢༠༢༥ བར་ཨ་རིས་བོད་ཕྱི་ནང་གཉིས་ལ་གཞུང་འབྲེལ་རོགས་དངུལ་གནང་རྒྱུ་གཏན་འབེབ་བྱ་རྒྱུ། མཐའ་མ་དེར་༧གོང་ས་མཆོག་དང་བཙན་བྱོལ་བོད་མི་ཚོས་དམངས་གཙོའི་གཞུང་ཞིག་བཙུགས་ཡོད་པར་བསྔགས་བརྗོད་བྱ་དགོས་སྐོར་བཅས་ཡིན་པ་རེད།

བསྟན་འཛིན་ཕུར་བུ།

བསྐྱར་བཅོས།: ༢༠༢༠/༡༠/༢༣

Leave a Reply

One thought on “ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་དོན་གྲོས་འཆར་བཏོན།