ནང་བསམ་བློའི་འཕྲོད་བསྟེན་ཡོང་བར་རྒྱ་གར་གནའ་རབས་རིག་གཞུང་ལ་མ་བརྟེན་ཐབས་མེད་རེད།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཚེ་བ་མེད་པ་དང་སྙིང་རྗེ་གཞི་ལ་བཞག་པའི་རྒྱ་གར་གྱི་གནའ་རབས་རིག་གཞུང་དེ་ཆོས་ལུགས་ལ་མ་བརྟེན་པའི་ངང་འཛམ་གླིང་སྤྱི་ལ་སྤེལ་རྒྱུ་དེ་ངོས་རང་གི་དམ་བཅའ་ཡིན་ཞེས་གསུངས་སོང་།

དེ་རིང་ཕྱི་ཚེས་ ༢༦ ཉིན། རྒྱ་གར་རྒྱལ་སྤྱིའི་ལྟེ་གནས་ཁང་དང་ཀུན་ཁྱབ་འགན་ཁུར་ཐེབས་རྩ་ཁང་གཉིས་ཀྱི་གོ་སྒྲིག་འོག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་དྲ་ལམ་བརྒྱུད། སྙིང་རྗེ་དང་འཚེ་མེད་ཞི་བ་དང་འབྲེལ་བའི་རྒྱ་གར་གྱི་རིག་གཞུང་རྒྱུན་འཛིན་བྱེད་ཕྱོགས་སྐོར་ནས་བཀའ་སློབ་དང་དྲི་བར་བཀའ་ལན་སོགས་གནང་སོང་བ་དང་། དེང་སང་ངོས་ཀྱིས་འཕྲོད་བསྟེན་སྐོར་ལ་ཞུ་སྐབས་ལུས་པོའི་འཕྲོད་བསྟེན་ཙམ་མ་ཡིན་པར་སེམས་ཁམས་འཕྲོད་བསྟེན་གལ་ཆེན་ཡིན་པ་བཤད་ཀྱི་ཡོོད་ལ། ལུས་པོའི་འཕྲོད་བསྟེན་སྐོར་ནས་ང་ཚོས་ཉམས་ཞིབ་བྱེད་བཞིན་པ་རེད་ལ་མུ་མཐུད་ཡར་རྒྱས་འགྲོ་བཞིན་པ་ཡིན་ཡང་། སེམས་ཁམས་འཕྲོད་བསྟེན་ནམ་ནང་བསམ་བློའི་འཕྲོད་བསྟེན་ཡར་རྒྱས་ཡོང་བར་རྒྱ་གར་གྱི་འཚེ་བ་མེད་པ་་དང་། བྱམས་སྙིང་རྗེ་གཞི་ལ་བཞག་པའི་རིག་གཞུང་ལ་མ་བརྟེན་ཐབས་མེད་ཆགས་ཡོད་སྐོར་སོགས་གསུངས་སོང་།

སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འདས་པའི་ལོ་ངོ་ ༦༠ ལྷག་རིང་རྒྱ་གར་དེ་ངོས་ཀྱི་ནང་ཆགས་ཡོད་པ་དང་། ཉེ་དུས་རྒྱ་གར་གྱི་སྲིད་བློན་མཆོག་ནས་སངས་རྒྱས་བཅོམ་ལྡན་འདས་དེ། རྒྱ་གར་ནས་ཕེབས་པའི་སྐྱེས་ཆེན་དམ་པ་ཞིག་རེད་ཅེས་གསུང་བ་དེ་དོན་ལ་གནས་པ་ཞིག་རེད། ང་རང་ཚོ་ཚང་མས་དགོངས་པ་བཞེས་ཕྱོགས་གཙོ་བོ་དེ་སངས་རྒྱས་བཅོམ་ལྡན་འདས་རང་ཉིད་ཀྱིས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །སྲེག་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན་ཞེས་པའི་གསུང་ལ་བཞི་བཅོལ་ནས་བསམ་བློ་གཏོང་གི་ཡོད་པ་རེད། གསུང་དེ་ཚན་རིག་པ་དང་མཐུན་པ་ཆགས་བསྡད་ཡོད་སྐོར་གསུངས་སོང་།

ཡང་ཁོང་ཉིད་ཀྱིས་མུ་མཐུད་ང་ཚོ་བོད་པ་ཚོར་མཚོན་ན་གདོང་དབྱིབས་ནས་རྒྱ་གར་བ་ཁྱེད་ཚོ་དང་འདྲ་བོ་མེད་ན་ཡང་། བསམ་བློའི་ཐད་ནས་རྒྱ་གར་གྱི་བསམ་བློ་ཆགས་ཡོད་པ་དང་། དུས་རབས་ ༨ ནང་བོད་ཀྱི་རྒྱལ་ཐོགས་དང་པོ་ཆོས་རྒྱལ་སྲུང་བཙན་སྒམ་པོ་ཡིས་རྒྱ་ནག་ཐང་གི་སྲས་མོ་དང་གཉེན་སྒྲིག་བྱས་ཏེ། རྒྱ་ནག་དང་འབྲེལ་བ་ཟབ་མོ་ཆགས་ཡོད་ན་ཡང་། ཁོང་གིས་རྒྱ་གར་གྱི་སྐད་ཡིག་སྦྱང་པ་ལས་བོད་རང་གི་སྐད་ཡིག་གསར་གཏོད་གནང་བ་དང་། སྐབས་ཐོག་དེར་རྒྱ་ནག་ལ་ནང་ཆོས་དར་མགོ་ཚུགས་ཡོད་ན་ཡང་། ནང་ཆོས་བོད་ལ་གདན་འདྲེན་ཞུ་རྒྱུ་དེ་ཁོང་གིས་རྒྱ་གར་ནས་ཐད་གར་ནང་འདྲེན་བྱས་ཡོད་སྐོར་གསུངས་སོང་།

རྒྱ་གར་གྱི་རིག་གཞུང་དེ་དག་འཛམ་གླིང་སྤྱི་ལ་དགོས་མཁོ་ཆེ་བའི་སྐོར་ལ་ཁོང་ཉིད་ཀྱིས། འཛམ་གླིང་འདིར་འགྲོ་བ་མི་ཐེར་འབུམ་བདུན་ཡོད་པ་ལས། ད་ལྟའི་འཛམ་གླིང་འདིར་དགོས་མཁོ་ཆེ་བ་ནི་བྱམས་སྙིང་རྗེ་ཉམས་ལེན་གྱི་ལྟ་སྤྱོད་དེ་ཆགས་ཡོད་པ་དང་། ལྷག་པར་དུ་རྒྱ་གར་གྱི་གནའ་རབས་རིག་གཞུང་འཚེ་བ་མེད་པ་དང་སྙིང་རྗེ་གཉིས་དེ་འཛམ་གླིང་སྤྱི་ལ་སྤེལ་རྒྱུ་དེ་ངོས་རང་གི་དམ་བཅའ་ཡིན་གསུང་གི་ཡོད་ལ། དེ་ཡང་ཆོས་ལུགས་དང་མ་འབྲེལ་བའི་ཐོག་ནས་སྤེལ་ཐབས་ལ་འབད་བཞིན་ཡོད། ང་རང་ཚོ་འདོད་ཀྱང་མ་འདོད་ཀྱང་ཚང་མ་སའི་གོ་ལ་འདིའི་ནང་འཚོ་དགོས་པ་དང་། དུས་རབས་སྔོན་མ་དག་གི་ནང་འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པ་སོགས་ཀྱི་སྐབས་སུ་ང་རང་ཚོས་ཕན་ཚུན་གསོད་རེས་བྱས་ཡོང་བ་དང་། དོན་དངོས་སུ་ང་ཚོ་ཚང་མ་འགྲོ་བ་མི་གཅིག་པ་ཡིན་པའི་ཆ་ནས་གོ་ལ་འདིར་མཉམ་དུ་འཚོ་གནས་བྱ་དགོས་སྟབས། ཕན་ཚུན་གཅིག་གྱུར་ཡིན་པའི་འདུ་ཤེས་དང་ཆོས་ལུགས་ཕན་ཚུན་མཉམ་གནས་དགོས་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།

གཞན་ང་ཚོའི་སེམས་ཁམས་འཕྲོད་བསྟེན་དེ་རྒྱ་གར་གནའ་རབས་རིག་གཞུང་གི་ལ་མ་བརྟེན་ཐབས་མེད་པའི་སྐོར་ལ་ཁོང་ཉིད་ཀྱིས། རྒྱ་གར་རིག་གཞུང་ནང་གནའ་རབས་ནས་བཟུང་ཞི་ལྷག་གཉིས་དང་འབྲེལ་བའི་འཚེ་བ་མེད་པ་དང་བྱམས་སྙིང་རྗེ་ཡི་རིག་གནས་དར་ཡོད་ན་ཡང་། དེང་སྐབས་རྒྱ་གར་གྱི་སྤྱི་ཚོགས་དེ་ཕྱི་དངོས་པའི་རིག་གནས་གཙོ་བོར་འཛིན་པའི་སྤྱི་ཚོགས་ཤིག་ཆགས་ཡོད་པས། གནའ་རབས་ཀྱི་སེམས་ཁམས་གཙོ་བོར་འཛིན་པའི་རིག་གཞུང་དེ་བསྐྱར་གསོ་བྱེད་རྒྱུ་ཤིན་ཏུ་ནས་གལ་ཆེན་པོ་ཆགས་ཡོད་པ་རེད། དེང་སང་ངོས་ཀྱིས་འཕྲོད་བསྟེན་སྐོར་ལ་ཞུ་སྐབས་ལུས་པོའི་འཕྲོད་བསྟེན་ཙམ་མ་ཡིན་པར་སེམས་ཁམས་འཕྲོད་བསྟེན་གལ་ཆེན་ཡིན་པ་བཤད་ཀྱི་ཡོོད་ལ། ལུས་པོའི་འཕྲོད་བསྟེན་སྐོར་ནས་ང་ཚོས་ཉམས་ཞིབ་བྱེད་བཞིན་པ་རེད་ལ་མུ་མཐུད་ཡར་རྒྱས་འགྲོ་བཞིན་པ་ཡིན་ཡང་། སེམས་ཁམས་འཕྲོད་བསྟེན་ནམ་ནང་བསམ་བློའི་འཕྲོད་བསྟེན་ཡར་རྒྱས་ཡོང་བར་རྒྱ་གར་གྱི་འཚེ་བ་མེད་པ་དང་། བྱམས་སྙིང་རྗེ་གཞི་ལ་བཞག་པའི་རིག་གཞུང་ལ་མ་བརྟེན་ཐབས་མེད་ཆགས་ཡོད་སྐོར་སོགས་གསུངས་སོང་།

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༡༠/༢༦

Leave a Reply