འཇིགས་སྐུལ་ཚོགས་པའི་བཀོད་འདོམས་པ་ཞིག་བསད།

ཨ་རིའི་གསང་བའི་ལས་ཁུངས་ཀྱི་ཐོ་ནག་ཏུ་བཅུག་པའི་ཨ་ལི་ཁ་ཌ་འཇིགས་སྐུལ་ཚོགས་པའི་མགོ་གཙོ་ཞིག་ཨབ་གྷ་གཞུང་གིས་བསད་ཡོད་སྐོར་བསྒྲགས།

རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་ཨབ་གྷ་ནེ་སི་ཐན་གྱི་རྒྱལ་སྲུང་བདེ་འཇགས་དམག་གིས།  ཨ་རིའི་གསང་བའི་ལས་ཁུངས་ཀྱི་ཉེས་ཅན་ཐོ་ནག་ཏུ་བཅུག་པའི་ཨ་ལི་ཁ་ཌ་འཇིགས་སྐུལ་ཚོགས་པའི་མགོ་ཁྲིད་རྒན་གྲས་ཨ་བྷོ་མཱོ་སིན་(Abu Muhsin al-Masri)ཟེར་བ་དེ་ཨབ་གྷན་གྱི་མངའ་སྡེ་ (Ghazni)ནང་བསད་ཡོད་སྐོར་ཡོངས་བསྒྲགས་བྱས་པ་དང་། དེ་རིང་ཨ་རིའི་གཞུང་གིས་འཇིགས་སྐུལ་ཚོགས་པའི་མགོ་ཁྲིད་རྒན་པ་ཁོ་བསད་ཚར་བ་གཏན་འཁེལ་ཡིན་པའི་གསལ་བསྒྲགས་གནང་འདུག

དེ་ཡང་ཨ་རིའི་རྒྱལ་ཡོངས་འཇིགས་སྐུལ་ལས་དོན་ཁ་གཏད་ལྟེ་གནས་ཁང་གི་འགན་འཛིན་ཁུ་རེ་སི་མེ་ལར་(Chris Miller)ལགས་ཀྱིས།  འཇིགས་སྐུལ་ཚོགས་པའི་འཐབ་ར་ནས་ཨ་བྷོ་(Abu Muhsin al-Masri)མེད་པར་བཟོས་པ་དེས། འཇིགས་སྐུལ་ཚོགས་པར་མ་འོངས་པའི་དམག་འཐབ་སྲིད་བྱུས་བརྟན་པོ་མེད་པའི་དཀའ་ངལ་ཤུགས་ཆེན་འཕྲད་ཀྱི་ཡོད་པ་མ་ཟད། ཨ་ལི་ཁ་དྷ་འཇིགས་སྐུལ་དྲག་སྤྱོད་པ་རྩ་མེད་གཏོང་བའི་གཞི་ཞིག་ཀྱང་ཆགས་ཡོད། ཅེས་བརྗོད་ཡོད་པ་དང་། ད་ལྟའི་ཆར་ཨ་བྷ་ནི་འཇིགས་སྐུལ་ཚོགས་པའི་བཀོད་འདོམས་དམག་དཔོན་མཐོ་ཤོས་ཨང་གཉིས་པ་ཡིན་པར་བཤད།

ཨ་རིས་ཨ་བྷོ་ནས་རྒྱལ་ཁབ་གཞན་གྱི་འཇིགས་སྐུལ་དྲག་སྤྱོད་པར་མཚོན་ཆ་མཁོ་སྤྲོད་བྱས་པ་དང་། ཨ་རིའི་མི་སེར་ལྐོག་གསོད་ཀྱི་ངན་ཇུས་བཤམས་པའི་ཉེས་འཛུགས་བྱེད་ཀྱི་ཡོད་པ་དང་། ད་རེས་ཨ་བྷོ་བསད་པ་དེས་ཨ་རི་དང་ཨབ་གྷན་གཙོས་པའི་འཇིགས་སྐུལ་དྲག་སྤྱོད་པར་ཁ་གཏད་གཅོག་མཁན་གྱི་མཉམ་འབྲེལ་རྒྱལ་ཁབ་ཁག་ཁག་ལ་འཇིགས་སྐུལ་བ་ཚར་གཅོད་གཏོང་བར་རེ་བ་ཇེ་ཆེར་བསྐྲུན་ཡོད་ལུགས་དང་། ད་ལྟ་ཨབ་གྷན་ནེ་སི་ཐན་ནང་འཇིགས་སྐུལ་དྲག་སྤྱོད་པ་ཁྱོན་ ༢༠༠ མ་ཟིན་ཙམ་ཡོད་སྐོར་བརྗོད་ཀྱི་འདུགའདི་ལོ་ནི་འཇིགས་སྐུལ་དྲག་སྤྱོད་པས་ཕྱི་ལོ་ ༢༠༠༡ ལོར་ཨ་རིར་འཇབ་རྒོལ་བྱས་ཏེ་འཛམ་གླིང་ཚོང་འབྲེལ་ལྟེ་གནས་ཁང་གཏོར་ཏེ་མི་མང་སྡེབ་གསོད་བཏང་རྗེས། ཨ་རིས་ཨབ་གྷན་ནེ་སི་ཐན་གཙོས་པའི་དཀྱིལ་ཤར་ཡུལ་གྲུ་ཁག་ཏུ་ཡིབ་ཡོད་པའི་འཇིགས་སྐུལ་དྲག་སྤྱོད་པ་ཚར་གཅོད་དང་རྗེས་འདེད་བཏང་སྟེ་ལོ་ངོ་ ༡༩ འཁོར་གྱི་ཡོད་པ་ལྟར། འདི་ལོའི་ཕྱི་ཟླ་ ༢ ནང་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་ནས་ཨ་རི་དང་འཇིགས་སྐུལ་དྲག་སྤྱོད་པའི་བར་གྲོས་མོལ་བྱས་པ་བརྒྱུད། ཨབ་གྷན་དང་ཨེ་རག་ནང་ཡོད་པའི་ཨ་རིའི་དམག་མི་ཕྱིར་འཐེན་དང་། དཀྱིལ་ཤར་ཡུལ་གྲུ་ཁག་ཏུ་དྲག་སྤྱོད་ཀྱི་ལས་དོན་མཚམས་འཇོག་གིས་ཞི་བདེ་ཡོང་ཐབས་ཀྱི་གྲོས་ཆོད་བཞག་ཡོད་པ་རེད།

ཨ་རི་དང་འཇིགས་སྐུལ་དྲག་སྤྱོད་པའི་བར་གྱི་གྲོས་ཆོད་ནང་ཨ་རི་གཙོས་པའི་དྲག་སྤྱོད་པར་ཁ་གཏད་གཅོག་མཁན་གྱི་འཛམ་གླིང་རྒྱལ་ཁབ་ཁག་གི་དམག་མི་ཡོངས་ཕྱི་ལོ་ ༢༠༢༡ ཟླ་ ༤ ནང་ཚུད་དུ་སོ་སོའི་རྒྱལ་ཁབ་ནང་ཕྱིར་ལོག་རྒྱུའི་ཁས་ལེན་བྱས་ཡོད་པ་དང་། དེ་མཚུངས་སུ་འཇིགས་སྐུལ་དྲག་སྤྱོད་པས་ཨབ་གྷན་གཞུང་དང་མཉམ་འབྲེལ་གྱིས་དབང་ཆ་བགོ་འགྲེམ་དང་ཨབ་གྷན་ནང་དམག་འཁྲུག་རྦད་དེ་མཚམས་འཇོག་བྱ་རྒྱུ་ཡིན་པའི་ངོས་ལེན་བྱས་ཡོད་འདུག

ཨ་རིའི་ཝང་ཤིན་ཊོན་ཆ་འཕྲིན་ཕོ་ཉའི་གནས་ཚུལ་ནང་། ད་ལྟའི་ཆར་ཨབ་གྷན་ནང་གི་ཨ་རིའི་དམག་མི་ཕྱིར་འཐེན་བྱས་མེད་པ་དང་། དེ་ལ་བརྟེན་ནས་ཨ་རི་དང་འཇིགས་སྐུལ་དྲག་སྤྱོད་པའི་བར་མ་འོངས་པར་གྲོས་མོལ་ཡོང་ཐབས་དཀའ་བའི་གནས་སུ་འགྱུར་བཞིན་ཡོད་ཀྱང་། ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གིས་ཨ་རིའི་འོས་བསྡུ་ཚར་བ་དང་དམག་མི་ཕྱིར་འཐེན་བྱ་རྒྱུ་ཡིན་སྐོར་གསུང་བཞིན་ཡོད་སྟབས། དེ་ནི་ཆབ་སྲིད་ཀྱི་དགོས་མཁོ་ལ་དམིགས་པ་ཞིག་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད་སྐོར་སོགས་བརྗོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ

བསྐྱར་བཅོས།: ༢༠༢༠/༡༠/༢༦

Leave a Reply