རྡུལ་ཕྲན་མཚོན་ཆ་མཚམས་འཇོག་ལག་བསྟར་བྱེད་པར་གྲོས་འཆམ་བྱུང་།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཁོངས་རྒྱལ་ཁབ་ ༥༠ ནས་འཛམ་གླིང་ནང་རྡུལ་ཕྲན་མཚོན་ཆ་བེད་སྤྱོད་མཚམས་འཇོག་གི་ཆིངས་ཡིག་དངོས་སུ་ལག་བསྟར་བྱེད་པར་གྲོས་འཆམ་བྱུང་བར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་རེ་ཆེན་པོས་གསུང་འཕྲིན་སྩལ།ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཁོངས་རྒྱལ་ཁབ་དང་གླིང་ཕྲན་སོགས་རྒྱལ་ཁབ་ ༥༠ ནས་འཛམ་གླིང་ནང་རྡུལ་ཕྲན་མཚོན་ཆ་བེད་སྤྱོད་མཚམས་འཇོག་གི་ཆིངས་ཡིག་ལ་རྒྱབ་སྐྱོར་བྱས་ཏེ། ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༢༢ ཉིན་འཛམ་གླིང་ནང་རྡུལ་ཕྲན་མཚོན་ཆ་བེད་སྤྱོད་མཚམས་འཇོག་གི་ཆིངས་ཡིག་དངོས་སུ་ལག་བསྟར་བྱ་གཏན་འཁེལ་ཡོད་པ་དང་། དེ་རིང་ཉིན་རྒྱབ་སྐུ་སྒེར་ཡིག་ཚང་གི་དྲ་ཐོག་ཏུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྡུལ་ཕྲན་མཚོན་ཆ་བེད་སྤྱོད་མཚམས་འཇོག་གི་ཆིངས་ཡིག་ལ་འཛམ་གླིང་རྒྱལ་ཁབ་ ༥༠ ཡིས་ངོས་ལེན་རྒྱབ་སྐྱོར་གནང་བ་དེ་ནི་གོམ་ཁ་བཟང་ཕྱོགས་སུ་བསྐྱོད་དེ་དམངས་འཁྲུག་ཞི་གནས་ཡོང་གཞི་ཞིག་ཏུ་གྱུར་ཡོད་པའི་གསུང་འཕྲིན་སྩལ་གནང་འདུག

གསུང་འཕྲིན་ནང་༧གོང་ས་མཆོག་གིས།  ངས་ཆིངས་ཡིག་འདི་དངོས་སུ་ལག་བསྟར་ཡོང་རྒྱུ་དེས་འཛམ་གླིང་ནང་འཇིགས་སུ་རུང་བའི་མཚོན་ཆ་གཏན་འགོག་དང་དོན་ཕན་ལྡན་པའི་ཕུགས་རྒྱང་རིང་པོའི་ཞི་བདེ་སྐྲུན་ཐབས་ཐད་ནུས་པ་སྔར་བས་ཤུགས་ཆེར་འདོན་ཐུབ་པར་ཡིད་ཆེས་བྱེད་ཀྱི་ཡོད་ལ། ང་ཚོའི་མི་རབས་འདི་མིའི་རིགས་ཀྱི་ལོ་རྒྱུས་ཁྲོད་ཀྱི་དཀྱོགས་མཚམས་ཤིག་ཏུ་གནས་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད་པས། ང་ཚོ་ཚང་མ་གཅིག་ལ་གཅིག་བརྟེན་ཡིན་པའི་རྒྱུ་མཚན་གྱིས། གཞི་རྒྱ་ཆེ་ཤིང་སྣ་ཚོགས་པའི་མིའི་རིགས་ཀྱི་ཁྱིམ་བརྒྱུད་འདི་ཉིད་ཞི་བདེའི་ངང་མཉམ་གནས་ཐུབ་དགོས། ངས་མཉམ་འབྲེལ་རྒྱལ་ཚོགས་དང་འབྲེལ་ཡོད་རྒྱལ་ཁབ་དག་གིས་ཆིངས་ཡིག་བཞག་ཐུབ་པ་དེར་བསྔགས་བརྗོད་ཞུ་ཡི་ཡོད། འདི་ནི་མིའི་རིགས་གཅིག་ཡིན་པའི་འདུ་ཤེས་ལ་ངོས་འཛིན་བྱས་པའི་སྤྱི་ལ་སེམས་པའི་བྱ་གཞག་ཅིག་རེད། ཅེས་གསུངས་འདུགཡང་གསུང་འཕྲིན་ནང་། ང་ཚོས་མ་འོངས་ཞི་བདེའི་ཕྱོགས་ལ་བཟང་ཕྱོགས་གི་གོམ་པ་དང་པོ་སྤོས་ཟིན་ནའང་། ང་ཚོའི་མཐར་གཏུག་གི་དམིགས་ཡུལ་ནི་མཚོན་ཆ་མེད་པའི་འཛམ་གླིང་ཞིག་བསྐྲུན་རྒྱུ་དེ་ཡིན། ངས་འཆར་གཞི་ཡང་དག་དང་མང་ཚོགས་ལ་སློབ་གསོ་སྤྲད་པ་བརྒྱུད་དམིགས་ཡུལ་དེ་ཉིད་ལེགས་གྲུབ་ཡོང་ངེས་པའི་ཡིད་ཆེས་བྱེད་ཀྱི་ཡོད། ད་ལྟ་རྡུལ་ཕྲན་མཚོན་ཆ་གཏན་འགོག་བྱ་རྒྱུའི་གོམ་པ་དང་པོ་དེ་སྤོས་ཟིན་སྟབས། མཐའ་མཇུག་དེར་མཚོན་ཆ་མེད་པའི་འཛམ་གླིང་ཞིག་བསྐྲུན་རྒྱུ་དེ་ཡང་ལེགས་གྲུབ་ཡོང་ངེས་རེད། ཅེས་དང་། མི་ཚང་མས་རྡུལ་ཕྲན་མཚོན་ཆ་མེད་པའི་འཛམ་གླིང་ཞིག་འདོད་ཀྱི་ཡོད་པ་དང་། ད་ལྟའི་དུས་སྐབས་འདིར་ང་ཚོས་བསམ་ཤེས་དང་གྲོས་མོལ་གྱི་ལམ་ནས་རྩོད་རྙོག་འདུམ་འགྲིག་བྱེད་དགོས་པ་ཡིན། དེར་བརྟེན་ངོས་ཀྱིས་ད་ལན་གྱི་གོ་སྐབས་དང་བསྟུན། རྒྱལ་ཁབ་ཚང་མའི་སྲིད་གཞུང་གིས་སྔར་བས་བདེ་འཇགས་ཆེ་བའི་འཛམ་གླིང་ཞིག་བསྐྲུན་སླད། ཆིངས་ཡིག་འདི་ཉིད་ལག་བསྟར་ཚགས་ཚུད་ཡོང་རྒྱུའི་རེ་སྐུལ་ཞུ་བཞིན་ཡོད། ཅེས་གསུངས་འདུག

གསར་འགོད་པ། པ་སངས་ཚེ་རིང་། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༡༠/༢༦

Leave a Reply