དག་འབུད་དགོངས་སེལ་ཞུས་ཏེ་ཆད་པ་བཏང་མི་འདུག

བོད་མི་མང་སྤྱི་འཐུས་བློ་བཟང་ཆོས་འབྱོར་ལགས་ཀྱིས་བསམ་བཞིན་དུ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་འགན་དབང་དང་ཁྲིམས་ཞིབ་ཁང་གི་བཀའ་ཁྱབ་ལ་དོགས་སློང་དང་ངོས་ལེན་མེད་པའི་རྣམ་འགྱུར་བསྟན་པ་མ་ཡིན་པའི་དག་འབུད་དང་མ་ཤེས་པའི་དབང་གིས་ནོར་འཁྲུལ་ཤོར་བར་དགོངས་སེལ་ཞུས་པར་བརྟེན་ཆད་པ་འགེལ་མ་དགོས་པའི་ཐག་གཅོད་གནང་།ཁ་སང་ཕྱི་དྲོར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་དེ་འབྲེལ་ཐག་གཅོད་བཅད་ཁྲ་ཤོག་ངོས་ ༡༨ ཅན་ཞིག་གསལ་བསྒྲགས་གནང་བའི་ནང་། སྤྱིར་ན་རྩོད་ལན་པ་བློ་བཟང་ཆོས་འབྱོར་བོད་མི་མང་སྤྱི་འཐུས་ཤིག་ཡིན་པ་དང་། གནད་དོན་འདི་དག་གི་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་བའི། ༡། སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ཀྱིས་བཅའ་ཁྲིམས་དོན་ཚན་ ༤༠ པར་རྒྱབ་འགལ་བྱས་པའི་བྱ་སྤྱོད་ཁྲིམས་མཐུན་བཟོ་དགོས་པའི་བཀའ་ཁྱབ་དང་། ༢། ཞུ་སྐུལ་ངོས་བཞེས་གནང་ཐབས་མེད་པ་དང་། ཆད་འགེལ་ཕོག་རྒྱུའི་བཀའ་ཁྱབ། ༣། སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ཀྱི་ཚོགས་མི་གྲངས་ ༡༡ ནས་བསམ་བཞིན་དུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བརྩི་མེད་བྱས་པའི་བྱེད་འཛོལ་ལ་ཆད་འགེལ་གྱི་ཐག་གཅོད་བཀའ་ཁྱབ་བཅས་གསུམ་པོར་ལྟ་ཀློག་བྱས་མྱོང་མཁན་ཞིག་ཡིན་པའི་ཆ་ནས། གསར་འགྱུར་བརྒྱུད་ལམ་ཐོག་ད་རུང་འཛེམས་ཟོན་མེད་པར་འདི་ལྟར་རྩོམ་འབྲི་བྱས་ཏེ། སྤྱི་ཚོགས་ནང་དངོས་བདེན་མིན་པའི་གནས་ཚུལ་ཁྱབ་འགྲེམས་བྱས་པ་ནི་ཁྲིམས་ཞིབ་ཁང་ལ་ཁྱད་གསོད་ཚབས་ཆེ་ཤོས་དེ་ཆགས་ཡོད། ཅེས་དང་། ཡིན་ནའང་། དོ་བདག་གིས་ནོར་འཁྲུལ་གྱི་རྐྱེན་རྩ་གཙོ་བོ་ནི་མ་ཤེས་པའི་དབང་གིས་ཡིན་པ་ལས། བསམ་བཞིན་དུ་ཁྲིམས་ཞིབ་ཁང་གི་འགན་དབང་དང་ཁྲིམས་ཞིབ་ཁང་གི་བཀའ་ཁྱབ་ལ་དོགས་སློང་དང་། ངོས་ལེན་མེད་པའི་རྣམ་འགྱུར་བསྟན་པ་ཞིག་མིན་པའི་དག་འབུད་བྱས་པ་དང་། ཁྲིམས་ཡིག་གི་དགོངས་དོན་ལ་གོ་ལོག་ཐེབས་པ་ངོས་ལེན་དང་། ཞེ་ཐག་པ་ནས་ནོར་འཁྲུལ་ལ་དགོངས་སེལ་ཞུས་པར་བརྟེན། རྩོད་ལན་པ་སྤྱི་འཐུས་བློ་བཟང་ཆོས་འབྱོར་ལ་ཁྱད་གསོད་ཀྱི་ཆད་པ་འགེལ་མ་དགོས་པའི་ཐག་གཅོད་གནང་བ་གསུངས་འདུག

ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་སྤྱི་འཐུས་བློ་བཟང་ཆོས་འབྱོར་ལགས་ལ། ཁྲིམས་ཞིབ་ཁང་གི་བརྡ་ཐོ་ལ་རྩིས་མེད་བཏང་བ་མིན་པ་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཁྱད་གསོད་བྱས་པ་མིན་པའི་རྒྱུ་མཚན་བརྗོད་དུ་འཇུག་རྒྱུའི་ཉན་ཞིབ་ཚོགས་ཡོད་པ་དང་། ཉན་ཞིབ་ཐོག་ཁྲིམས་ཞིབ་ཁང་ནས་སྤྱི་འཐུས་བློ་བཟང་ཆོས་འབྱོར་གྱིས་འདི་ལོའི་ཕྱི་ཟླ་ ༩ ཚེས་ ༢༧ ཉིན་བོད་ཀྱི་དུས་བབ་དྲ་རྒྱུའི་སྟེང་སྤེལ་བའི་ད་ཐེངས་ཁྲིམས་ཞིབ་ཁང་ལ་རྒྱུ་མཚན་འདང་ངེས་ཡོད་པར་མ་མཐོང་ཞེས་པའི་ནང་། ཁྲིམས་ཞིབ་ཁང་གི་སྤྱི་མང་ཁྲིམས་ཡིག་དོན་ཚན་ ༦༩ (ཏ) ནང་གསལ་ཁྲིམས་ཀྱིས་ངོས་བཞེས་ལ་ངོས་ལེན་མེད་པའི་རྣམ་འགྱུར་བསྟན་པ་དང་། ཆེས་མཐོའི་ཁྲིམས་ཞིང་ཁང་དེ་ཉིད་བཅའ་ཁྲིམས་ཀྱི་བྱ་ར་བ་ཡིན་ཞེས་པར་དོགས་སློང་། དེ་བཞིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཀའ་ཁྱབ་ཀྱི་ནང་དོན་ལ་གོ་ལོག་ཕྱིན་པ་དང་། བཅའ་ཁྲིམས་དོན་ཚན་ ༦༦ ནང་གསལ་བཅའ་ཁྲིམས་ཀྱི་ཚིག་དོན་འགྲེལ་བརྗོད་ཀྱི་རྩོད་གླེང་ལ་གཏུག་མཁན་མེད་ན་ཐག་གཅོད་བྱེད་མི་ཆོག་པའི་འགྲེལ་ལོག འབྲེལ་མེད་འབྲེལ་བཏགས་ཀྱི་གནད་དོན་ཁག་གཉིས་བཅས་ཀྱི་ཐོག་འདྲི་རྩད་དང་། རྩོད་ལན་པར་དེའི་ཐད་གསལ་བཤད་བྱེད་དུ་བཅུག་ཡོད་པ་རེད།

དེ་བཞིན་ཉན་ཞིབ་ཀྱི་མཐའ་མཇུག་དེར་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་གིས། ད་ལྟ་ཁྱེད་རང་གིས་རྩོམ་ཡིག་བྲིས་པ་དེ་ནོར་འཁྲུལ་བྱུང་བ་གོ་རྟོགས་འཕེར་བའི་ཐོག་ནས། ལྷག་བསམ་རྣམ་དག་གི་ཐོག་ནས། གང་ཞིག་ནོར་ཡོད་པར་ངེས་པ་རྙེད་པའི་ཐོག་ནས་དགོངས་སེལ་ཞུ་ཡི་ཡོད་དམ་གསུངས་པར། རྩོད་ལན་པས། ནོར་བསྡད་པ་ཞིག་ཡོད་ན་ཡིན་ད་ཡིན། ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་དགོངས་སེལ་ཞུ་ཡི་ཡིན། སྔོན་མ་ནས་མི་མང་ལའང་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་བཅར་གྱི་ཡིན། དགོངས་སེལ་ཞུ་ཡིན་ཟེར་ནས། ང་རང་ལ་རྒྱབ་སྐྱོར་བྱེད་མཁན་ཚང་མ་ལ་སྙན་སེང་ཞུས་བཞག་ཡོད་ཞུ་རྒྱུ་ཡིན། ཞེས་བརྗོད་ཡོད་པ་རེད།

ཞིབ་ཕྲའི་གནས་ཚུལ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དྲ་བར་གཟིགས། https://trimzin.net/wp-content/uploads/2020/10/Judgement-26-10-2020.pdf

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༡༠/༢༧

Leave a Reply

5 thoughts on “དག་འབུད་དགོངས་སེལ་ཞུས་ཏེ་ཆད་པ་བཏང་མི་འདུག

  1. བསོད་ནམས་རྒྱལ་མཚན།

    དུད་བབ་ཚང་ཡག་རྟགས་མིན་འདུག་ད། གནས་ཚུལ་སྦེད་སྐུང་བྱེད་ཀྱི་འདུག་ད། དུས་བབ་ཚང་ བློ་སེང་གི་ཉོད་ཚར་མ་རེད་པ་ ! ཉེས་ཆད་བཏང་ན་ བློ་སེང་ལ་གཏོང་དགོས། བོད་ཀྱི་དཔེ་ལ་་་་ བསྟན་པ་སྒང་ནས་ཤིག བློ་བཟང་སེང་གེའི་ བསྟན་པ་སྒང་ནས་ཤིག་ཚར། སྔ་སྟོད་ བཙན་བྱོལ་ཁྲིམ་ཞིབ་ཁང་ལ་མཐོང་ཆུང་དང་གཡབ་ཆུང་བཏང་། ཉེ་ཆར་ བློ་སེང་་་ ནད་ཡམས་དེའི་ནང་ གཞུང་འབྲེལ་ཕྱོགས་སྐྱོད་ཡིན་དོག་གི་ བུ་དབུ་དཀར་ཚང་བསྐལ་རྡོར་གྱིས་འོས་བསྡུ་ཆེད་ ཨ་རི་དུ་ཐོན།