ཨ་རྒྱ་གཉིས་ཀྱིས་གསར་ཁང་ཁག་ལ་དམ་དྲག་གི་རྒོལ་ལན་སློག་རེས་བྱས།

ཁ་སང་ཕྱི་ཚེས་ ༢༦ ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་རྒྱ་ནག་ནང་རྟེན་གཞི་བྱས་ཡོད་པའི་ཨ་རིའི་གསར་ཁང་ ༦ གིས་ལས་དོན་བྱེད་ཕྱོགས་ཀྱི་སྙན་ཐོ་ཉིན་གྲངས་བདུན་གྱི་ནང་ཚུད་དུ་ཡར་ཞུ་བྱེད་དགོས་པ་དང་། དེ་ནི་ཨ་རིས་རྒྱ་ནག་གི་གསར་ཁང་ཁག་ཅིག་ལ་ཉེས་འཛུགས་བྱས་ཡོད་པ་དེར་རྒོལ་ལན་སྤྲད་པ་ཞིག་ཡིན་སྐོར་བརྗོད་འདུགརྒྱ་ནག་གི་ཕྱི་སྲིད་མགྲིན་ཚབ་པ་ཀྲོ་ལི་ཅན་ (Zhao Lijian) གྱིས། རྒྱ་ནག་ནང་རྟེན་གཞི་བྱས་པའི་ཨ་རིའི་གསར་ཁང་དྲུག་གི་ཡན་ལག་ལས་ཁུངས་ཀྱིས་སོ་སོའི་ལས་བྱེད་དང་དཔལ་འབྱོར། ལས་དོན་བྱེད་ཕྱོགས་དང་ས་ཁང་གི་གནས་སྟངས་བཅས་ཡིག་ཐོག་བརྒྱུད་ཡར་ཞུ་བྱེད་དགོས་པ་དང་། ཐེངས་འདིའི་རྒྱ་ནག་གཞུང་གི་ཐག་གཅོད་དེ་ནི་ཨ་རིར་རྒོལ་ལན་སློག་པ་ཞིག་ཡིན་པས་ཡན་ལག་ལས་ཁུངས་དེ་དག་གིས་ངེས་པར་དུ་ཡར་ཞུ་བྱེད་དགོས་སྐོར་བཀའ་བཏང་ཡོད་འདུག འདས་པའི་ལོ་ཤས་ནས་བཟུང་ཨ་རིའི་གཞུང་གིས་རྒྱ་ནག་གི་གསར་ཁང་ཁག་དང་མི་སྒེར་གྱི་རྒྱུན་ལྡན་གྱི་ལས་དོན་བྱེད་ཕྱོགས་ལ་ཕྱོགས་རིས་དང་། ཆབ་སྲིད་ཀྱི་དམིགས་ཡུལ་ཡོད་ཐོག་བཀག་སྡོམ་བྱེད་ཀྱི་སྐོར་དང་། ཨ་རིའི་གཞུང་གིས་རྒྱ་ནག་གི་གསར་ཁང་ཁག་ལ་ཆབ་སྲིད་ཀྱི་གཉའ་གནོན་དང་གང་བྱུང་བཀག་སྡོམ་བྱེད་མཚམས་འཇོག་དགོས་སྐོར་བསྒྲགས་འདུག

རྒྱ་ནག་གཞུང་གིས་བཀོད་ཁྱབ་བཏང་བའི་ཨ་རིའི་གསར་ཁང་དྲུག་པོ་ནི་ཚོང་འབྲེལ་བརྙན་འཕྲིན་ལས་ཁུངས་ (American Broadcasting Corporation) དང་ཨ་རིའི་ནང་ཚགས་པར་ཁྱབ་ཚད་ཆེ་ཤོས་ལྔ་པ་ (Los Angeles Times)། བདུན་རེའི་དུས་དེབ་ (Newsweek)། ཕྱི་ལོ་ ༡༩༩༢ ལོར་གསར་འཛུགས་བྱས་ཏེ་རྒྱ་སྐྱེད་ཆེས་ཤོས་སུ་ངོས་འཛིན་བྱེད་བཞིན་པའི་བརྙན་འཕྲིན་དང་རླུང་འཕྲིན་ཁང་ (Feature Story News) དང་། ཁྲིམས་དོན་དང་ཁྲལ་རིགས། ཁྲིམས་སྒྲིག་དང་ཚོང་དོན་དང་འབྲེལ་བའི་གསར་ཁང་ (Bureau of National Affairs)། མི་ནི་སོ་ཌ་མངའ་སྡེ་རིམ་པའི་རླུང་འཕྲིན་ལས་ཁང་ (Minnesota Public Radio) བཅས་ཡིན་འདུག

ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་ཨ་རིའི་རྒྱལ་སྲིད་དྲུང་ཆེ་མེག་ཕོམ་པེ་ (Mike Pompeo) མཆོག་གིས། ཨ་རིའི་གཞུང་ནས་གསར་ཁང་ཁག་གིས་གནས་ཚུལ་ཅི་ཞིག་འགོད་ཆོག་མིན་ལ་བཀག་སྡོམ་བྱེད་ཀྱི་མེད་ནའང་། ཨ་རིའི་མི་མང་གིས་རང་དབང་གི་གསར་འགོད་དང་རྒྱ་ནག་དམར་ཤོག་ཚོགས་པས་སྤེལ་བའི་དྲིལ་བསྒྲགས་གཉིས་ཀྱི་བར་ཁྱད་པར་ཤེས་ཐབས་སུ་འབད་བརྩོན་བྱེད་ཀྱི་ཡོད་སྐོར་དང་། རྒྱ་ནག་གི་གསར་ཁང་ཡི་ཚེ་ (Yicai Global) དང་། ཇེ་ཧྥང་ཉིན་རེའི་གསར་ཁང་ (Jiefang Daily)། ཤིན་མིན་དགོང་དྲོའི་གསར་འགྱུར་(Xinmin Evening News)། སྤྱི་ཚོགས་ཚན་རིག་(Social Sciences in China Press)། དེ་བཞིན་པེ་ཅིན་དཔྱད་གླེང་དང་ཉིན་རེའི་དཔལ་འབྱོར་(Beijing Review and Economic Daily) བཅས་ཕྱི་སྲིད་ལས་དོན་སྒྲུབ་མཁན་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་སྐོར་བརྗོད་དེ། གསར་ཁང་དེ་དག་གིས་ཕྱི་སྲིད་ལས་དོན་བྱེད་ཕྱོགས་ཀྱི་ཁྲིམས་སྒྲིག་ལྟར་ཨ་རིའི་ནང་ལས་དོན་བྱེད་དགོས་པ་བསྒྲགས་ཡོད་པ་རེད།འདི་ལོའི་ཕྱི་ཟླ་ ༢ པ་ཙམ་ནས་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་གཉིས་ཀྱིས་ཕྱོགས་གཉིས་ཀྱི་གསར་ཁང་ཁག་ལ་བཀག་སྡོམ་བྱེད་མགོ་བརྩམས་ཡོད་པ་དང་། ཨ་རིའི་གཞུང་གིས་ཞིན་ཧྭ་གསར་ཁང་ (Xinhua News Agency) སོགས་རྒྱ་ནག་གི་གཞུང་འབྲེལ་གསར་ཁང་ཆེ་ཁག་ ༥ ཡིས། རྒྱ་ནག་དམར་ཤོག་ཚོགས་པ་དང་ཞི་ཅིན་ཕིན་གྱི་ཆབ་སྲིད་དྲིལ་བསྒྲགས་བྱས་ཏེ་ཕྱི་སྲིད་ལས་དོན་འགྲུབ་ཐབས་བྱེད་བཞིན་ཡོད་པའི་ངོས་འཛིན་འོག གསར་ཁང་གི་ལས་མི་ཚང་མའི་མིང་ཐོ་དང་རྒྱུ་དངོས་སོགས་ཀྱི་གནས་སྟངས་སྐོར་ཨ་རིའི་གཞུང་ལ་ཐོ་འགོད་བྱེད་དགོས་སྐོར་བརྗོད་ཡོད་པ་རེད།

ཕྱི་ཟླ་ ༣ ནང་རྒྱ་ནག་གཞུང་གིས་ཨ་རིའི་གསར་ཁང་ནེའུ་ཡོག་དུས་བབ་དང་ཝོལ་སི་ཊེ་ཊི་ཇོར་ནལ། ཝ་ཤིན་ཌོན་ཆ་འཕྲིན་བཅས་ཀྱི་གསར་འགོད་པ་ཚོའི་ཐོངས་མཆན་འདི་ལོའི་ལོ་མཇུག་ཏུ་རྫོགས་ཀྱི་ཡོད་པས། ཉིན་གྲངས་ ༡༠ ནང་ཚུན་དུ་གསར་འགོད་པའི་ལག་ཁྱེར་ཕྱིར་རྩིས་སྤྲོད་བྱེད་དགོས་པ་དང་། མ་འོངས་པར་དམིགས་བསལ་འཛིན་སྐྱོང་ས་ཁུལ་ཧོང་ཀོང་དང་མེ་ཁའོ་ཚུད་པའི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ནང་མུ་མཐུད་གསར་འགྱུར་གྱི་ལས་ཀ་གཉེར་མི་ཆོག་པ་སོགས་བསྒྲགས་ཡོད་པ་རེད། དེ་བཞིན་ཕྱི་ཟླ་ ༦ ནང་ཨ་རི་གཞུང་གིས་ཨ་རིར་རྟེན་གཞི་བྱས་པའི་རྒྱ་ནག་གི་གཞུང་འབྲེལ་གསར་ཁང་ཆེ་ཁག་བཞི་སྟེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དབུས་བརྙན་འཕྲིན་ཁང་ (China Central Television) དང་རྒྱ་ནག་གོ་ལའི་དུས་བབ་ (Global Times) སོགས་ཕྱིའི་རྒྱལ་ཁབ་ཀྱི་ཕྱི་སྲིད་ལས་དོན་སྒྲུབ་མཁན་ཞིག་ཡིན་པར་ངོས་འཛིན་བྱས་པ་བསྒྲགས་ཏེ་ཚོད་འཛིན་བྱས་ཡོད་པ་རེད།

རྒྱ་ནག་གཞུང་གིས་ཨ་རིའི་གསར་འགོད་རང་དབང་ཐག་གཅོད་ལ་སྐྱོན་བརྗོད་དྲག་པོ་བྱེད་ཀྱི་ཡོད་ཀྱང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་གསར་འགོད་རང་དབང་མཐུན་ཚོགས་སོགས་ཀྱིས། དུས་རྒྱུན་རྒྱ་ནག་གིས་རྒྱལ་ནང་དུ་ཡོད་པའི་ཕྱིའི་རྒྱལ་ཁབ་ཀྱི་གསར་འགོད་པའི་ཐོག་ཐོངས་མཆན་སོགས་ཀྱི་སྟེང་ནས་གནོན་ཤུགས་ཆེན་པོ་སྤྲོད་ཀྱི་ཡོད་པ་དང་། བོད་གཙོས་པའི་རྒྱ་ནག་དམར་ཤོག་ཚོགས་པའི་སྟངས་འཛིན་འོག་ཡོད་པའི་ས་ཁུལ་མི་ཉུང་བར་རྒྱལ་སྤྱིའི་གསར་འགོད་པ་བསྐྱོད་རྒྱུར་བཀག་སྡོམ་བྱེད་ཀྱི་ཡོད་པ་དང་། ཕྱིར་སྐྱོད་ཀྱི་གོ་སྐབས་བྱུང་ཡང་། རྒྱ་ནག་གི་གཞུང་འབྲེལ་མི་སྣས་ཁྲིད་པ་ལས་རང་དབང་གིས་ལྟ་ཞིབ་བྱེད་ཐབས་མེད་སྐོར་བརྗོད་ཡོད་པ་རེད།

རྒྱ་ནག་ཏུ་རྟེན་གཞི་བྱས་པའི་རྒྱལ་ཕྱིའི་གསར་འགོད་མཐུན་ཚོགས་ (Foreign Correspondent’s Club of China) ཀྱིས། ལོ་ལྟར་རྒྱ་ནག་ཏུ་གསར་འགོད་བྱ་བ་གཉེར་བའི་ཕྱིའི་གསར་འགོད་པར་བཅར་འདྲི་སོགས་བྱས་ཏེ་ཞིབ་འཇུག་སྙན་ཐོ་འདོན་གྱི་ཡོད་པ་ལྟར། འདས་ལོའི་སྙན་ཐོའི་ནང་། རྒྱ་ནག་གཞུང་གིས་མི་འཕྲུལ་གཉིས་ཀའི་ཐོག་ནས་ཕྱིའི་གསར་འགོད་པར་གསང་བའི་ཐོག་ནས་མྱུལ་ཞིབ་བྱེད་ཀྱི་ཡོད་པ་མ་ཟད། ཤིན་ཅང་གི་གཙོས་རྒྱ་ནག་གི་ས་ཁུལ་འགའ་ཤས་ནང་གསར་འགོད་པའི་འགྲོ་སྐྱོད་ལ་དམ་དྲག་དང་། གསར་འགོད་པའི་ལས་རིགས་ནང་ཐད་ཀར་ཐེ་བྱུས་ཤུགས་ཆེན་བྱེད་ཀྱི་ཡོད་པ། དེ་བཞིན་ཕྱིའི་གསར་འགོད་པར་ཐོངས་མཆན་སྤྲོད་ཕྱོགས་སོགས་ཀྱི་ཐད་ལ་དཀའ་ངལ་རབ་དང་རིམ་པ་འཕྲད་བཞིན་ཡོད་པ་སོགས་འདས་ལོའི་རྒྱ་ནག་ནང་གི་གསར་འགོད་རང་དབང་གི་གནས་བབ་ཇེ་སྡུག་ཏུ་སོང་ཡོད་པར་ངོས་འཛིན་བྱས་ཡོད་པ་རེད། གཞན་ཡང་། རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་སོགས་ཀྱི་སྙན་ཐོའི་ནང་དུའང་རྒྱ་ནག་གི་སྤྱི་ཡོངས་གསར་འགོད་རང་དབང་གི་གནས་བབ་སྔར་ལས་ཇེ་སྡུག་ཡིན་སྐོར་བཀོད་ཡོད་པ་རེད།

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༡༠/༢༧

Leave a Reply

One thought on “ཨ་རྒྱ་གཉིས་ཀྱིས་གསར་ཁང་ཁག་ལ་དམ་དྲག་གི་རྒོལ་ལན་སློག་རེས་བྱས།