ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་གཞོན་པ་མང་མོས་བསྐོ་བཞག་བྱུང་།

ཨ་རིའི་དམངས་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པ་གཉིས་ནས་འོས་ཤོག་འཕངས་བ་བརྒྱུད་སྲིད་འཛིན་ཊོམ་ཕུ་མཆོག་ནས་མཚན་འདོན་གནང་བའི་ལྕམ་ཨ་མེ་ཁོ་ནེ་(Amy Coney Barret)ལགས་མང་མོས་ཀྱི་ཐོག་ནས་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་གཞོན་པར་བསྐོ་བཞག་བྱུང་ཡོད་འདུག རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་ཨ་རིའི་གྲོས་ཚོགས་ནང་སྲིད་དོན་ཚོགས་པ་གཉིས་ཀྱིས་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་གཞོན་པ་བསྐོ་བཞག་ཐད་འོས་ཤོག་བླུགས་པ་བརྒྱུད། དམངས་གཙོ་ཚོགས་པར་འོས་གྲངས་ ༤༨ དང་སྤྱི་མཐུན་ཚོགས་པར་གྲངས་ ༥༢ ཐོབ་སྟེ། ཉེ་སྔོན་སྲིད་འཛིན་ཊོམ་ཕུ་མཆོག་ནས་མཚན་འདོན་གནང་བའི་ཁྲིམས་རྩོད་པ་ཨ་མེ་ཁོ་ནེ་(Amy Coney Barret)ལགས་མང་མོས་ཀྱི་ཐོག་ནས་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་གཞོན་པར་བསྐོ་བཞག་བྱུང་ཡོད་འདུག

ཁ་སང་ཕྱི་དྲོར་ཨ་རིའི་ཕོ་བྲང་དཀར་པོའི་ནང་ཁྲིམས་རྩོད་པ་ཨ་མེ་ཁོ་ནེ་ལགས་ཀྱིས་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་ཐཱོ་མ་སི་(Clarence Thomas)ལགས་ཀྱི་མདུན་ནས་ལས་འཁུར་དམ་བཅའ་ཕུལ་ཡོད་པ་དང་། དམ་འབུལ་མཛད་སྒོའི་ཐོག་སྲིད་འཛིན་ཊོམ་ཕུ་མཆོག་གིས། དེ་རིང་ང་ཚོའི་རྩ་ཁྲིམས་དང་དྲང་བདེན། དེ་བཞིན་ཁྲིམས་ཀྱི་དབང་སྒྱུར་བཅས་ལ་གལ་ཆེ་བའི་ཉིན་མོ་ཞིག་ཆགས་ཡོད། ཅེས་དང་། ཨ་མེ་ཁོ་ནེ་ལགས་ནི་ང་ཚོའི་རྒྱལ་ཁབ་ཀྱི་ཁྲིམས་ལུགས་མཁས་དབང་ཞིག་ཡིན་པས། མོས་ཁྲིམས་ལུགས་དང་འབྲེལ་བའི་གཟེངས་སུ་ཐོན་པའི་བྱས་རྗེས་བཞག་ཡོང་གི་རེད། ཅེས་གསུངས་ཡོད་པ་དང་། ད་རེས་འོས་བསྡུའི་ལས་རིམ་འགྲོ་བཞིན་པའི་སྐབས་འདིར་ཨ་མེ་ཁོ་ནེ་ལགས་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་གཞོན་པར་བསྐོ་བཞག་བྱེད་ཐུབ་པ་ནི་སྲིད་འཛིན་ཊོམ་ཕུར་མཚོན་ན་རྒྱལ་ཁ་ཞིག་ཆགས་ཀྱི་ཡོད་འདུག

ཡང་དམ་འབུལ་སྐབས་ཨ་མེ་ཁོ་ནེ་ལགས་ཀྱིས། དེ་རིང་ཁྲིམས་རྩོད་པ་ཞིག་རང་ཉིད་ཀྱི་རྒྱལ་ཁབ་ཀྱི་གྲོས་ཚོགས་དང་སྲིད་འཛིན་ཙམ་མ་ཟད། ཆོས་ལུགས་ཀྱི་བྱེ་བྲག་སྡེ་ཚན་གཅིག་གིས་ཀྱང་དབང་ཤུགས་འོག་སྡོད་མ་དགོས་པར་རང་རྐྱ་འཕེལ་བ་ཞིག་ཏུ་འགྱུར་བ་ཡིན་ལ། དམ་འབུལ་འདིས་ཁྲིམས་ཀྱི་འོས་འགན་དང་ཁྲིམས་ཀྱི་དབང་སྒྱུར་གྱི་དོན་སྙིང་སྟོན་གྱི་ཡོད། ཅེས་བརྗོད་ཡོད་པ་དང་།   དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་ཨ་མེ་ཁོ་ནེ་ལགས་ཁྲིམས་དཔོན་གཞོན་པར་འདེམས་ཐོན་བྱུང་བར་འདོད་བློ་ཁེངས་མེད་པའི་རྣམ་འགྱུར་བསྟན་ཡོད་འདུག དམངས་གཙོ་ཚོགས་པའི་ཨ་རིའི་སྲིད་འཛིན་གྱི་འོས་མི་རྗོ་བྷའེ་ཌིན་(Joe Biden)ལགས་ཀྱིས། འོས་བསྡུའི་ལས་རིམ་འགྲོ་བཞིན་པའི་སྐབས་འདིར་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་གཞོན་པ་བསྐོ་བཞག་བྱེད་པ་ནི་འོས་བསྡུའི་གྲུབ་འབྲས་ལ་དམིགས་འབེན་བཟུང་ཞིང་མང་ཚོགས་ཀྱི་ཆ་ཤས་ལེན་ཐུབ་ཀྱི་མེད་སྟབས། ཕྱི་ཟླ་ ༡༡ ཚེས་ ༣ ཉིན་གྱི་འོས་བསྡུའི་རྒྱལ་ཁ་སུ་ལ་འཐོབ་ནའང་དེས་ཁྲིམས་དཔོན་གཞོན་པ་བསྐོ་བཞག་བྱེད་དགོས་པའི་བསམ་འཆར་བཏོན་པ་ལྟར། དམངས་གཙོ་ཚོགས་པར་ཕམ་ཁ་བྱུང་མིན་ལ་མ་ལྟོས་པར། གལ་སྲིད་ཨ་རིའི་སྲིད་འཛིན་གྱི་འོས་བསྡུའི་རྒྱལ་ཁ་རྗོ་བྷའེ་ཌིན་ལགས་སུ་འཐོབ་ཚེ། ཁོ་ཚོས་སྤྱི་མཐུན་ཚོགས་པར་ཁ་གཏད་དང་ཕྱོགས་འགལ་སྲིད་དོན་ཚོགས་པ་གཉིས་ལ་ཁྲིམས་ཀྱི་གདན་སར་འདྲ་མཉམ་ཡོང་སླད། ཕྱི་ལོ་ ༡༩༣༧ ལོའི་རྩ་འཛིན་ཁྲིམས་ལུགས་གཞིར་བཟུང་ཆེས་མཐོའི་ཁྲིམས་ཁང་དུ་ཁྲིམས་རྩོད་པ་སྣོན་འཕྲི་བྱ་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་པ་རེད།

ད་ལྟའི་ཆར་ཨ་རིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཁྲིམས་རྩོད་པ་ཁྱོན་ ༩ ཡོད་པ་ལས་ ༦ རྙིང་ཞེན་སྲིད་དོན་པའི་བསྐོ་བཞག་བྱས་པ་ཆགས་ཀྱི་ཡོད་སྟབས། སྤྱི་མཐུན་ཚོགས་པར་མ་འོངས་པར་ཁྲིམས་དང་འབྲེལ་བའི་ཐག་གཅོད་སྐབས་དགེ་མཚན་ལྡན་པ་ཞིག་ཏུ་གྱུར་ཡོད་པ་དང་། ད་རེས་ཨ་མེ་ཁོ་ནེ་ལགས་ཁྲིམས་དཔོན་གཞོན་པར་བསྐོ་བཞག་བྱུང་བ་དེས་འོས་བསྡུ་ཙམ་མ་ཟད། ཡོང་རྒྱུ་བསྡད་པའི་ཕྱི་ཚེས་ ༡༠ ཉིན་སྲིད་འཛིན་ཊོམ་ཕུ་མཆོག་གིས་ཨོ་བྷ་མའི་འཕྲོད་བསྟེན་ལྟ་སྐྱོང་མཚམས་འཇོག་གི་གནད་དོན་ཐད་ཁྱད་པར་བཟོ་ཡི་ཡོད་པ་རེད།

དམངས་གཙོ་ཚོགས་པའི་སྲིད་འཛིན་གཞོན་པའི་འོས་མི་ཀ་རྨ་ཧན་རེ་སི་ལགས་ཀྱིས། ཨ་མེ་ཁོ་ནེ་ལགས་ཁྲིམས་དཔོན་གཞོན་པར་བསྐོ་བཞག་བྱས་ཏེ། མོས་ལས་གནས་ཇི་ལྟར་བྱེད་མིན་ནི་གཙོ་བོ་མ་ཡིན་པར། མོ་བསྐོ་བཞག་བྱས་པའི་བརྒྱུད་རིམ་ནི་ངོ་གནོངས་དགོས་པའི་གནས་སྟངས་ཤིག་ཆགས་ཡོད། ཅེས་སྐྱོན་བརྗོད་ཡོད་པ་དང་། ཨ་མེ་ཁོ་ནེ་ལགས་ནི་ནམ་རྒྱུན་སྤྲུམ་མས་མངལ་བུ་མེད་པར་བཟོ་བ་ནི་ཁྲིམས་མཐུན་དང་མཚན་མཐུན་གཉེན་སྒྲིག་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་དང་།  ད་དུང་ཨ་རིའི་རྩ་ཁྲིམས་དུས་དང་མཐུན་པའི་འགྱུར་བཅོས་གཏོང་དགོས་པ་དང་ཁའེ་ཐོ་ལེ་ཁུ་ཡེ་ཤུ་ཆོས་ལུགས་ཀྱི་རྗེས་འབྲང་བ་ཞིག་ཡིན་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༡༠/༢༧

Leave a Reply