བོད་རིགས་བུད་མེད་ལྷ་མོ་ལཊ་བཀག་ཉར་འོག་རྐྱེན་འདས་སུ་ཕྱིན།

རྒྱ་གར་ནང་དུ་ཡོད་པའི་ནང་མི་གཉེན་འབྲེལ་སོགས་ལ་དངུལ་བཏང་བའི་ཉེས་འཛུགས་འོག་བོད་འབྲི་རུ་རྫོང་ནས་ཡིན་པའི་བོད་རིགས་བུད་མེད་ལྷ་མོ་ཞུ་བ་ཞིག་དང་ཁོང་མོའི་གཉེན་ཉེ་བསྟན་འཛིན་ཐར་པ་ཞུ་བ་ཞིག་འཛིན་བཟུང་བྱས་ཏེ་ལྷ་མོ་ལགས་རྐྱེན་འདས་སུ་ཕྱིན་ཡོད་འདུག དེ་རིང་ཕྱི་ཚེས་ ༢༩ ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པས་གནས་ཚུལ་སྤེལ་བ་ལྟར་ན། འདི་ལོའི་ཕྱི་ཟླ་ ༦ པའི་ནང་རྒྱ་ནག་གཞུང་གིས་བོད་ཁམས་འབྲི་རུ་ཆགས་རྩེ་ནས་རང་ལོ་ ༣༦ ཡིན་པའི་བོད་རིགས་བུད་མེད་ལྷ་མོ་ལགས་དང་།  རང་ལོ་ ༣༩ ཡིན་པའི་བསྟན་འཛིན་ཐར་པ་ལགས་གཉིས་སྔ་རྗེས་སུ་འཛིན་བཟུང་བཙན་འཁྲིད་བྱས་ཏེ། བཀག་ཉར་འོག་ལྷ་མོ་ལགས་རྐྱེན་འདས་སུ་ཕྱིན་ཡོད་འདུག

འདི་ག་བོད་ཀྱི་དུས་བབ་གསར་ཁང་ལ་རྒྱ་གར་ལྷོ་ཕྱོགས་ནས་འབྲེལ་ཡོད་བོད་མི་དཀོན་མཆོག་རིན་ཆེན་ལགས་ཀྱིས། ལྷ་མོ་ལགས་འཛིན་བཟུང་བྱས་ནས་ཉིན་ཤས་ཀྱི་རྗེས་སུ་ཉེན་རྟོག་པ་ཁ་ཤས་ལྷ་མོའི་ནང་དུ་འཛུལ་ཡོང་ནས་ཅ་དངོས་སྔོག་གཤེར་བྱས་ཏེ། ༧གོང་ས་མཆོག་གི་སྐུ་པར་དང་བཀའ་ཆོས་ཀྱི་འོད་སྡེར་སོགས་ཁྱེར་ཕསཡིན་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༨ པའི་ནང་ལྷ་མོའི་ནང་མིར་ཉེན་རྟོག་པས་ཁ་པར་འབྱོར་ཞིང་གང་མགྱོགས་ནག་ཆུའི་སྨན་ཁང་ཞིག་ཏུ་ཡོང་དགོས་སྐོར་བཤད་པ་ལྟར།  ནང་མི་རྣམས་སྨན་ཁང་དེར་འབྱོར་དུས། ལྷ་མོ་ལགས་སྨན་ཁང་དུ་ཡོད་པ་དང་མིག་གིས་ཅུང་ཟད་བལྟ་ཐུབ་པ་ལས་ཁ་གྲགས་མི་ཐུབ་པ་དང་། གདོང་པ་ཡོངས་རྫོགས་བསྐྲངས་ཞིང་སྔོན་པོ་ཆགས་ཡོད་པས་ལས་སླ་པོར་ངོ་མི་ཤེས་པ་ཆགས་འདུག་ཟེར་གྱིན་འདུག དེ་ལྟར་ཉིན་གཉིས་གསུམ་ཞིག་རིང་སྨན་ཁང་དུ་བསྡད་ཡོད་ཀྱང་མཐར་དྲག་ཆེད་མ་བྱུང་བར་སྨན་ཁང་དུ་གྲོངས་ཡོད་འདུག འདས་གྲོངས་སུ་ཕྱིན་མ་ཐག་ཕུང་པོ་མེར་སྲེག་དགོས་པའི་བཙན་བཀའི་འོག་ཏུ་མེར་སྲེག་གཏོང་དགོས་བྱུང་འདུག་པས། ལུས་ལ་རྨ་ཁ་སོགས་ཡོད་མེད་བལྟ་བཅུག་མེད་འདུག ཅེས་བརྗོད་བྱུང་།

ཡང་ཁོང་གིས། བསྟན་འཛིན་ཐར་པ་ལགས་འཛིན་བཟུང་བྱས་པའི་ཉིན་གཉིས་པའི་མཚན་མོར་ཁོང་གི་ཞང་པོའི་བུ་མོ་ལྷ་མོ་ལགས་འཛིན་བཟུང་བྱས་ཤིང་། ལྷ་མོ་ལགས་འཛིན་བཟུང་བྱེད་དོན་བསྟན་འཛིན་ཐར་པ་ལགས་བརྒྱུད་ནས་རྒྱ་གར་ལ་དངུལ་བཏང་ཡོད་པས་ཡིན་སྐོར་འགྲེལ་བརྗོད་གནང་བྱུང་ལ། ལྷ་མོ་ལགས་ནི་སྤྱིར་བཏང་གི་འབྲོག་མོ་དཀྱུས་མ་ཞིག་ཡིན་པ་དང་། མོ་རྒྱུན་དུ་བདེ་མོ་ཐང་པོ་ཡིན་པ་ལས་ནད་གཞི་རྙིང་པ་དེ་འདྲ་གང་ཡང་མེད་པ་དང་། མོའི་ཤུལ་དུ་དྭ་ཕྲུག་གསུམ་ལྷག་ཡོད་པ་དང་ཆུང་བ་དེ་ལོ་བདུན་ཙམ་ཡིན་སྐོར་བརྗོད་བྱུང་།

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པས་ལྷ་མོ་ལགས་རྒྱ་ནག་གཞུང་གི་འཛིན་བཟུང་བཀག་ཉར་འོག་རྐྱེན་འདས་སུ་ཕྱིན་པར་རྟོག་ཞིབ་བྱེད་དགོས་པ་དང་། ཉེས་མེད་འཛིན་བཟུང་བྱས་པའི་བསྟན་འཛིན་ཐར་པ་ལགས་ཀློད་གྲོལ་གཏོང་དགོས་པའི་དགོས་འདུན་བཏོན་འདུག་ལ། ལྟ་རྟོག་ཚོགས་པ་དེའི་རྒྱ་ནག་ཚན་པའི་འགན་འཛིན་སོ་ཧྥི་རི་ཆར་ཌི་སན་ (Sophie Richardson) ལགས་ཀྱིས། ལྷ་མོ་ལགས་རྐྱེན་འདས་ནི་རྒྱ་ནག་གཞུང་གི་བཀག་ཉར་འོག་གི་མནར་གཅོད་དང་རྐྱེན་འདས་སུ་འགྲོ་བཞིན་པའི་མངོན་སིམ་གྱི་གནས་སྟངས་གསར་ཤོས་དེ་ཡིན་པ་དང་། བོད་ནང་གི་ས་གནས་ཀྱི་དཔོན་རིགས་ཚོས་གང་བྱུང་འཛིན་བཟུང་དང་མནར་གཅོད་གཏོང་བ། འཚོ་གནས་ཀྱི་ཐོབ་ཐང་བཙན་འཕྲོག་བྱེད་པ་སོགས་ཚུད་པའི་ཐོབ་ཐང་ལ་རྡོག་རོལ་ཚབ་ཆེན་གཏོང་བཞིན་པར་འགན་ལེན་བྱེད་དགོས་སྐོར་བརྗོད་འདུག

བསྟན་འཛིན་ཐར་པ་ལགས་ནི་འདི་ལོའི་ཕྱི་ཟླ་ ༦ པའི་ནང་གློ་བུར་དུ་བོད་ནག་ཆུ་ནས་འཛིན་བཟུང་བྱས་ཡོད་པ་དང་། དུས་དེ་ནས་བཟུང་ཡུན་རིང་ས་གནས་གང་དུ་ཡོད་མེད་དང་། འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་གང་ཡང་ཤེས་རྟོགས་བྱུང་མི་འདུག  ཉེ་ཆར་ནང་མི་ཉེ་འབྲེལ་གྱིས་ཁྲིམས་རྩོད་པ་གླས་ཤིང་།  གང་དུ་ཡོད་མེད་རྩད་གཅོད་དང་ཐུག་འཕྲད་ཡོང་ཐབས་སོགས་བྱས་ཡོད་སྟབས། ད་ལྟ་ནག་ཆུའི་བཙོན་ཁང་ཞིག་གི་ནང་དུ་ཡོད་པ་ཤེས་རྟོགས་ཐུབ་ཡོད་པ་དང་།  ཕྱི་ཕྱོགས་ལ་འབྲེལ་བ་བྱས་ཤིང་དངུལ་ཕྱི་ཕྱོགས་སུ་བཏང་བའི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་པ་གསལ་པོ་ཆགས་ཡོད་འདུག  ཁོང་ལ་ཉེས་མེད་ཉེས་འཛུགས་ཀྱིས་ཁྲིམས་ཐག་ག་འདྲ་གཅོད་རྒྱུ་ཡིན་མིན་སོགས་ཚོད་དཔག་མི་ཐུབ་པ་ཞིག་ཆགས་ཡོད་པ་རེད།

བསྟན་འཛིན་ཐར་པ་ལགས་ནི་སྔོན་མ་གྲྭ་པ་ཡིན་ཞིང་གསེར་རྟ་ནང་བསྟན་སློབ་གླིང་དུ་སློབ་གཉེར་གནང་མྱོང་བ་དང་། ཁོང་གི་འཚེ་བ་མེད་པ་ཞེས་པ་དང་རྒྱང་འཛིན་ཞེས་པ་སོགས་དེབ་ཁ་ཤས་དཔར་སྐྲུན་གནང་མྱོང་འདུག ཕྱི་ལོ་ ༢༠༡༢ ཙམ་ལ་ཕ་ཡུལ་དུ་སྐྱ་སར་བབས་ཤིང་འབྲི་རུ་ཆགས་རྩེ་རུ་སློབ་གྲྭ་ཞིག་བཙུགས་ཏེ་རིང་པོ་མ་སོང་བར་ཆགས་རྩེ་ཡུལ་ཚོ་མི་དམངས་སྲིད་གཞུང་ཟེར་བས་སློབ་གྲྭ་དེ་ཁྲིམས་མཐུན་མིན་ཚུལ་བཤད་དེ་སྒོ་བརྒྱབ་ཡོད་འདུག  དུས་དེ་ནས་བཟུང་བསྟན་འཛིན་ཐར་པ་ལགས་ལྟ་རྟོག་གི་འོག་ཏུ་བཅུག་ཡོད་པ་དང་། ཕྱི་ལོ་ ༢༠༡༤ ཙམ་ནས་ཚོང་ལས་གཉེར་མགོ་བརྩམས་ཤིང་དབྱར་རྩྭ་དགུན་འབུ་དང་ས་ཁང་སོགས་ཉོ་ཚོང་བྱས་པ་དང་། ཕྱི་ལོ་ ༢༠༡༥ ཙམ་ནས་བོད་ལྗོངས་འབྲི་རུ་ཐོན་རྫས་ཚད་ཡོད་མཐུན་གཉེར་ཁང་གསར་དུ་བཙུགས་ཤིང་ཁོ་རང་དེའི་སྤྱི་ཁྱབ་འགན་འཛིན་ཡིན་འདུག

གསར་འགོད་པ། ཀླུ་མགོན་ཐར།

བསྐྱར་བཅོས།: ༢༠༢༠/༡༠/༢༩

Leave a Reply