བོད་ཀྱི་གླུ་བ་ཞིག་ལ་ལོ་དྲུག་གི་ཁྲིམས་ཐག་བཅད།

བོད་འབྲི་རུ་རྫོང་ནས་ཡིན་པའི་ན་གཞོན་གླུ་བ་ལྷུན་གྲུབ་གྲགས་པ་ཞུ་བ་ཞིག་གིས་རྒྱ་ནག་གཞུང་ལ་གླུ་གཞས་ཀྱི་ཐོག་ནས་སྐྱོན་བརྗོད་བྱས་ཡོད་པའི་ཉེས་མིང་འོག་ལོ་ ༦ བཙོན་འཇུག་ཁྲིམས་ཐག་བཅད་འདུགདེ་རིང་འདི་ག་བོད་ཀྱི་དུས་བབ་གསར་ཁང་ལ་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། འདི་ལོའི་ཕྱི་ཟླ་ ༦ པའི་ནང་རྒྱ་ནག་གཞུང་གིས་བོད་ནག་ཆུ་འབྲི་རུ་རྫོང་ནས་ཡིན་པའི་ན་གཞོན་གླུ་བ་ལྷུན་གྲུབ་གྲགས་པ་ཞུ་བ་ཞིག་གླུ་དབྱངས་ཤིག་དང་འབྲེལ་ཏེ། རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱས་པའི་ནག་ཉེས་འོག་དུས་ཡུན་ལོ་ ༦ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས་གླུ་བ་ལྷུན་གྲུབ་གྲགས་པ་ལགས་ཀྱིས་བླངས་པའི་གླུ་གཞས་ཁ་བྱང་ལ་ཞྭ་མོ་ནག་པོ་ཞེས་པ་དེ་ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༣ ཙམ་ལ་བླངས་ཡོད་ཀྱང་། ཕྱིས་སུ་ལོ་དེའི་ཕྱི་ཟླ་ ༥ ནང་ཁོང་གི་གླུ་གཞས་དེས་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་སྲིད་གཞུང་གི་དྲག་གནོན་སྲིད་ཇུས་ཁག་ལ་སྐྱོན་བརྗོད་ཀྱི་གླུ་ཞིག་ཡིན་པའི་ནག་ཉེས་གཡོགས་ཏེ་འཛིན་བཟུང་ཡོད་སྐོར་བརྗོད་བྱུང་།

ཡང་ཁོང་གིས། ལྷུན་གྲུབ་གྲགས་པ་ལགས་འཛིན་བཟུང་བྱས་རྗེས་ལོ་གཅིག་ལྷག་རིང་བཀག་སྐྱིལ་ཁང་དུ་བཅུག་ཡོད་པ་དང་། བཀག་སྐྱིལ་བྱས་རིང་ཁོང་ལ་ཁྲིམས་ཀྱི་འགྲོ་ལུགས་གཞིར་བཟུང་ཁྲིམས་རྩོད་པ་གླ་བཅུག་མེད་པ་མ་ཟད། དྲང་བདེན་གྱི་ཁྲིམས་ཞིབ་ཐོབ་ཐང་སོགས་གང་ཡང་མ་སྤྲད་པར། འདི་ལོའི་ཕྱི་ཟླ་ ༦ ནང་ལོ་ ༦ དུས་ཡུན་ཁྲིམས་ཐག་བཅད་ཡོད་སྐོར་བརྗོད་བྱུང་།

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པས་བོད་འབྲི་རུའི་ནང་རྒྱ་ནག་གཞུང་གིས་གང་བྱུང་བཙོན་འཇུག་དང་བཀག་སྐྱིལ། དྲག་པོའི་བྱེད་ཐབས་འོག་ཉེས་མེད་བོད་མི་ཚོ་གསོད་རྨས་སོགས་བྱེད་བཞིན་པའི་གནས་ཚུལ་བཀོད་པའི་ནང་། རྒྱ་གཞུང་གིས་འབྲི་རུའི་བོད་མི་ཚོར་གཞི་རྒྱ་ཆེ་བའི་སྒོ་ནས་འཆར་གཞི་དང་དམིགས་ཡུལ་ལྡན་པའི་ཐོག་ནས་དྲག་སྤྱོད་སྤེལ་བཞིན་པ་དེ་དག་གིས། འབྲི་རུ་རྫོང་གི་དངོས་ཡོད་གནས་སྟངས་ཇེ་སྡུག་ཇེ་ཞན་དུ་འགྲོ་བཞིན་པ་ར་སྤྲོད་བྱས་ཡོད་སྐོར་བརྗོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༢༠/༡༠/༢༩

Leave a Reply