གསང་མྱུལ་བའི་ནག་ཉེས་ངོས་ལེན་བྱས་མི་འདུག

ཨ་རིའི་ནང་གསང་མྱུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་པའི་པདྨ་དར་རྒྱས་ངག་དབང་ཟེར་བ་དེས་ནག་ཉེས་ངོས་ལེན་མ་བྱས་པ་མ་ཟད་མུ་མཐུད་གཏའ་དངུལ་འོག་ཀློད་གྲོལ་ཡོང་ཐབས་ལ་འབད་བཞིན་ཡོད་འདུགཁ་སང་ཕྱི་ཚེས་ ༢༨ ཉིན། ཨ་རིའི་(newsday)གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ནེའུ་ཡོག་མངའ་སྡེའི་བྷུ་རུག་ལིན་(Brooklyn)རྫོང་གི་དབུས་ཁྲིམས་ཁང་(federal court)གིས། པདྨ་དར་རྒྱས་ངག་དབང་(Baima dajie Angwang)ཟེར་བ་དེས་གསང་བའི་མྱུལ་ཞིབ་བྱས་པའི་ནག་ཉེས་ངོས་ལེན་བྱས་མེད་སྐོར་བསྒྲགས་འདུག་ལ།

དེར་འབྲེལ་གནས་ཚུལ་ནང་། ཁོའི་ཁྲིམས་རྩོད་པ་ཇོན་ཁར་མན་(John Carman)གྱིས་པདྨ་དར་རྒྱས་ཁྲིམས་ཁང་དུ་ཉེས་འཛུགས་ཉན་ཞིབ་རིམ་པར་དངོས་སུ་བཅར་བ་ནི། ཁོ་ལ་ཉེས་པ་མེད་པའི་མདུན་སྐྱོད་ཀྱི་གོམ་སྟབས་ཤིག་ཡིན་སྐོར་བརྗོད་ཡོད་པ་དང་། གནད་དོན་དེའི་སྐོར་ལ་ནེའུ་ཡོག་ཤར་ཁུལ་ཁྲིམས་ཁང་གི་མགྲིན་ཚབ་པར་སྐད་ཆ་དྲིས་པར་ལན་འདེབས་གང་ཡང་མ་བྱས་སྐོར་བརྗོད་འདུག

ད་ལྟའི་ཆར་པདྨ་དར་རྒྱས་ཟེར་བ་དེས་ཉེ་སྔོན་ཕྱི་ཟླ་ ༡༠ ནང་གཏའ་དངུལ་འོག་ཀློད་གྲོལ་ཡོང་བའི་ཞུ་གཏུག་དེ་མུ་མཐུད་བྱེད་བཞིན་ཡོད་པ་དང་། ཉེ་སྔོན་གཏའ་དངུལ་འོག་ཀློད་གྲོལ་ཡོང་བའི་ཞུ་གཏུག་དེ་ཁྲིམས་དཔོན་ལས་རོགས་མཱེ་གཱེལ་(Michael Keilty)ལགས་ནས་བཀག་ཡོད་སྟབས། ཁོས་བསྐྱར་དུ་ཁྲིམས་ཁང་གཞན་ཞིག་ལ་གཏའ་དངུལ་འོག་ཀློད་གྲོལ་ཡོང་བའི་ཞུ་གཏུག་བྱས་ཏེ་ཐག་གཅོད་ལ་སྒུག་ནས་ཡོད་འདུག

པདྨ་དར་རྒྱས་ངག་དབང་ཟེར་བ་དེ་འདི་ལོའི་ཕྱི་ཟླ་ ༩ ཕྱི་ཚེས་ ༢༡ ཉིན་འཛིན་བཟུང་བྱས་ཏེ། ད་བར་ནེའུ་ཡོག་ཉེན་རྟོག་ཁང་གི་བཀག་སྐྱིལ་ཁང་དུ་བཞག་ཡོད་པ་དང་། སྐབས་དེར་ཨ་རིའི་གཞུང་གིས་པདྨ་དར་རྒྱས་ཀྱིས་ཕྱི་ལོ་ ༢༠༡༤ ནས་ད་བར་རྒྱ་ནག་གཞུང་ལ་གསང་བའི་གནས་ཚུལ་མཁོ་སྤྲོད་དང་། ལྷག་པར་དུ་རྒྱ་ནག་གཞུང་ཚབ་ཁང་གི་བཀོད་མངགས་བཞིན་ཨ་རིར་གནས་སྡོད་བོད་མི་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་གསང་བའི་མྱུལ་ཞིབ་བྱས་ཏེ། རྒྱ་ནག་གཞུང་ལ་བོད་དོན་དང་འབྲེལ་བའི་གསང་བའི་གནས་ཚུལ་རིགས་མཁོ་སྤྲོད་དང་ལམ་སྟོན་རིགས་བྱས་ཡོད་པའི་ཞིབ་འཇུག་ཉེས་དོན་ཤོག་ངོས་ ༢༤ ཅན་ཞིག་ཡོངས་བསྒྲགས་ཀྱིས་འཛིན་བཟུང་བྱས་ཡོད་པ་རེད།

རྗེས་སུ་ཁོའི་བཟའ་ཟླ་སོགས་འབྲེལ་ཡོད་ཁག་ཅིག་གིས་ཨ་སྒོར་ས་ཡ་ ༡ གཏའ་དངུལ་དུ་བཞག་སྟེ་ཁོ་ཀློད་གྲོལ་ཡོང་བའི་ཞུ་ཡིག་ཅིག་སྤྲད་ཡོད་པ་དང་། དང་ཐོག་ཁྲིམས་དཔོན་ལཱོ་སི་བྷི་ལོམ་ (Lois Bloom)ལགས་ཀྱིས་ངག་དབང་ཀློད་རྩིས་བྱས་ཡོད་ཀྱང་། ཁྲིམས་དཔོན་ལས་རོགས་མཱེ་གཱེལ་(Michael Keilty)ལགས་ཀྱིས་དེ་ནི་ཧ་ཅང་ཉེན་ཁ་ཅན་ཞིག་ཡིན་སྐོར་བརྗོད་ཡོད་པ་མ་ཟད། ཁོས་པདྨ་དར་རྒྱས་ཀློད་གྲོལ་བཏང་ཚེ། ཁོ་ཉེས་ཅན་གཞན་དང་མི་མཚུངས་པར་ནེའུ་ཡོག་གི་མཱན་ཧཱ་ཊན་གྱི་རྒྱ་ནག་གཞུང་ཚབ་ཁང་དུ་བྲོས་འགྲོ་རྒྱུ་ལས་སླ་པོ་ཆགས་ཡོད་པས།  གལ་སྲིད་ཁོ་རྒྱ་ནག་གཞུང་ཚབ་ཁང་དུ་བྲོས་པ་ཡིན་ན་བསྐྱར་དུ་འཛིན་བཟུང་བྱེད་ཐུབ་ཀྱི་མེད་སྐོར་བརྗོད་ཡོད་པ་རེད།

པདྨ་དར་རྒྱས་ངག་དབང་ཟེར་བ་དེ་རང་ལོ་ ༣༣ ཡིན་པ་དང་། ཁོ་དེ་སྔ་ཨ་རིར་རིག་གཞུང་བརྗེ་རེས་ཀྱི་ཐོངས་མཆན་འོག་ཡོང་སྟེ། ཐོངས་མཆན་རྫོགས་རྗེས་བོད་པ་ཡིན་སྐོར་བརྗོད་ནས་ཨ་རིའི་ནང་སྐྱབས་བཅོལ་ཞུས་ཡོད་པ་དང་། རྗེས་སུ་ཁོ་པ་ཨ་རིའི་དམག་ཁུངས་སུ་འཛུལ་ཞུགས་ཀྱིས་ཨེ་རག་དང་ཨབ་གྷན་སོགས་སུ་སོང་ཡོད་པ་མ་ཟད། ཨ་རིའི་རྒྱལ་ཡོངས་ཀྱི་ཉེན་རྟོག་ཁང་ཆེ་ཤོས་ནེའུ་ཡོག་གྲོང་ཁྱེར་གྱི་ཉེན་རྟོག་ཁོངས་སུ་འཛུལ་ཞུགས་ཀྱིས། ཕྱིས་སུ་གསང་བ་རིམ་པའི་བདེ་འཇགས་ཆོག་མཆན་ (secret level security clearance) ཡང་ཐོབ་སྟེ་གསང་བའི་ཡིག་ཆ་ཁག་ལ་ལག་པ་འཆང་ཆོག་གི་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག

འབྲེལ་ཡོད་གནས་ཚུལ་གཞན། http://tibettimes.net/2020/09/22/188187/

http://tibettimes.net/2020/10/05/188439/

བསྐྱར་བཅོས།: ༢༠༢༠/༡༠/༢༩

Leave a Reply

One thought on “གསང་མྱུལ་བའི་ནག་ཉེས་ངོས་ལེན་བྱས་མི་འདུག

  1. འབྲོང་བུ་སོག་ཚ།

    ཚ་འདྲི་མ་བཏང་བའི་རྒྱུ་མཚན་གྱི་རེད། རྒྱ་དབྱུག་པས་བརྡུང་ན། གསུང་བོད་སྐད་སྐྱོན་ཡོང་།