ཝ་མོ་མཇུག་འདེད་ཀྱི་གསང་བའི་ལས་མི་ལྔ་འཛིན་བཟུང་བྱས།

ཨ་རིའི་ནང་གནས་སྡོད་རྒྱ་ནག་གི་གནད་ཡོད་མི་སྣ་ཞིག་ལ་རྒྱ་ནག་ཏུ་ཕྱིར་སློག་གཏོང་ཐབས་ཀྱི་གནོན་ཤུགས་སྤྲོད་མཁན་རྒྱ་མི་གསུམ་བཅས་མི་ལྔ་འཛིན་བཟུང་བྱས་ཡོད་འདུགཁ་སང་ཨ་རིའི་ཁྲིམས་དོན་ལྷན་ཁང་གིས་རྒྱ་རིགས་གསུམ་ཚུད་པའི་མི་གྲངས་ ༥ ཡིས། རྒྱ་ནག་དམར་ཤོག་གཞུང་གི་བཀའ་ཁྱབ་འོག ཨ་རིར་བྲོས་བྱོལ་ཕྱིན་པའི་རྒྱ་རིགས་ཆབ་སྲིད་མི་སྣ་ཞིག་ལ་གནོན་ཤུགས་སྤྲད་དེ། རྒྱ་ནག་ཏུ་ཕྱིར་ལོག་ཡོང་ཐབས་ཀྱི་ཁྲིམས་འགལ་བྱ་སྤྱོད་སྤེལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག་པ་མ་ཟད། རྒྱ་ནག་ལ་ཕྱིར་ལོག་ཟིན་པའི་མི་སྣ་གཞན་ ༣ ཀྱིས་ཀྱང་དེ་འབྲེལ་ཁྲིམས་འགལ་བྱས་པའི་ནག་ཉེས་བཙུགས་ཡོད་པ་དང་། གལ་ཏེ་ནག་ཉེས་ར་འཕྲོད་བྱུང་ཚེ་ཁོ་ཚོར་མང་ན་ལོ་ལྔའི་བར་གྱི་བཙོན་འཇུག་ཁྲིམས་ཐག་གཅོད་རྒྱུ་ཡིན་འདུག

གསར་འགོད་གསལ་བསྒྲགས་སྟེང་ཨ་རིའི་ཁྲིམས་དོན་ལྷན་ཁང་གི་རྒྱལ་ཡོངས་བདེ་འཇགས་ཚན་པའི་འགན་འཛིན་གཞོན་པ་ཇོན་ཌེ་མར་སི་ (John Demers) ཡིས། ད་ཐེངས་འཛིན་བཟུང་བྱས་པའི་མི་སྣ་དེ་དག་རྒྱ་ནག་གཞུང་གི་རྒྱལ་སྤྱིའི་རང་བཞིན་གྱི་ལྐོག་ཟ་རུལ་སུངས་ལ་འཐབ་རྒོལ་གྱི་ཝ་མོ་མཇུག་འདེད་ཀྱི་ལས་གཞི་ (Operation Fox Hunt) དེའི་ཆ་ཤས་ཤིག་ཡིན་སྐོར་དང་། ད་ཐེངས་ཀྱི་ཉེས་དོན་འདི་བརྒྱུད་ང་ཚོས་རྒྱ་ནག་དམར་ཤོག་གཞུང་གིས་སྤེལ་བའི་ཝ་མོ་མཇུག་འདེད་ཀྱི་ལས་གཞི་དེ་རྒྱ་ནག་རང་གི་ཕྱོགས་སུ་གཏད་ཡོད་པ་དང་། འདི་ལྟ་བུའི་བྱ་སྤྱོད་རིགས་ཨ་རིའི་ནང་ངོས་ལེན་བྱེད་ཐབས་མེད། ཅེས་དང་། དེ་བཞིན་ཨ་རིའི་དབུས་ཉེན་རྟོག་ལས་ཁུངས་ཀྱི་མགོ་བ་ཁུ་རི་སི་ཊོ་ཧྤར་རེ་ (Christopher Wray) ཡིས། རྒྱ་ནག་གཞུང་གིས་ཨ་རིའི་ས་ཐོག་ནས་ཨ་རིའི་མི་སེར་དང་གཏན་སྡོད་མི་མང་རྣམས་ལ་སོ་མྱུལ་དང་། འཇིགས་སྐུལ། བརྙས་བཅོས་བྱེད་ཐབས་དག་ནི། རྒྱ་ནག་གིས་ཨ་རི་ཚུད་པའི་གོ་ལ་ཡོངས་ལ་ཤུགས་རྐྱེན་སླེབ་ཐབས་ཀྱི་ངན་བྱུས་དག་གི་ཆ་ཤས་ཤིག་ཡིན་སྐོར་དང་། ཨ་རིའི་ཉེན་རྟོག་ལས་ཁུངས་ངོས་ནས་རྒྱ་ནག་གི་བྱེད་ཐབས་དེར་ཕྱོགས་ཡོངས་ནས་རྒོལ་རྡུང་གཏོང་རྒྱུ་ཡིན་སྐོར་བསྒྲགས་ཡོད་འདུག

ད་ལན་ཨ་རིའི་ཁྲིམས་དོན་ལྷན་ཁང་གི་ཉེས་དོན་ཡིག་ཆའི་ནང་། ཉེས་འཛུགས་བྱས་པའི་མི་སྣ་བརྒྱད་ཀྱི་ཁྲོད་ནས། ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༤ པའི་ནང་ཀྲུ་ཧྤིན་ (Zhu Feng) ཟེར་བ་དང་། ཧུ་ཅི་(Hu Ji)། ལི་མིན་ཅིན་(Li Minjun)། ཀྲུ་ཡོང་(Zhu Yong)། མེ་ཁལ་མེག་མཱ་ཧོན་(Michael McMahon) ཟེར་བ་བཅས་ཡིན་པ་དང་། དེ་བཞིན་རྒྱ་ནག་གཞུང་འབྲེལ་མི་སྣ་སྐོར་ཞིག་ངན་པ་ལག་སྦྲེལ་གྱིས། ཨ་རིའི་ནང་ཡོད་པའི་རྒྱ་རིགས་ཤིག་རྒྱ་ནག་ལ་ཕྱིར་ལོག་གཏོང་ཐབས་དང་། ཁོ་པར་རྒྱ་ནག་ནང་ཁྲིམས་ཆད་གཅོད་ཆེད། རྒྱ་ནག་ནང་ཡོད་པའི་ཁོའི་པཱ་ལགས་བཙན་གྱིས་ཨ་རིར་ཁྲིད་དེ། ཇོན་ཌོའི་རྒྱ་ནག་ཏུ་ཕྱིར་ལོག་ཡོང་རྒྱུར་བློ་འགུག་ཐབས་དང་། དེ་བཞིན་ཕྱི་ལོ་ ༢༠༡༧ ནས་ ༢༠༡༨ བར་རྒྱ་ནག་གཞུང་གི་གསང་བའི་མི་སྣ་དེ་དག་གིས་ཨ་རིར་ཡོད་པའི་ཁོ་པའི་བཟའ་ཟླ་དང་། བུ་མོར་རྗེས་འདེད་ཀྱིས་ཁོ་ཚོར་འདྲ་པར་དང་བརྙན་བླངས་ཡོད་པ་མ་ཟད། ཇོན་ཌོའི་ལ་གལ་ཏེ་རྒྱ་ནག་ནང་ལོ་ ༡༠ ཡི་བཙོན་འཇུག་ཁྲིམས་ཆད་དྭང་ལེན་བྱས་ཚེ། ཁོ་པའི་ནང་མི་ལ་ཉེན་ཁ་གང་ཡང་འཕྲད་མི་སྲིད་སྐོར་འཇིགས་སྐུལ་བྱས་ཡོད་འདུག

རྒྱ་ནག་ལྷོ་བརྒྱུད་ཞོགས་པའི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ད་ལྟ་ཨ་རིའི་མངའ་སྡེ་ནེའུ་འཇར་སིར་གནས་སྡོད་ཇོན་ཌོའི་ཞེས་པ་དེ། ལོ་འགའ་ཤས་སྔོན་ཨ་རིར་བྲོས་བྱོལ་དུ་སོང་བའི་རྒྱ་ནག་གི་ས་གནས་དཔོན་རིགས་ཤིག་ཡིན་པ་དང་། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༢ ལོར་རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་ཁང་(Interpol) ལ་ཁོས་དབང་ཆ་ལོག་སྤྱོད་དང་། གཞུང་དངུལ་ལོག་སྤྱོད། ལྐོག་དངུལ་བླངས་པའི་ནག་ཉེས་བཙུགས་ཡོད་ཅིང་། གལ་ཏེ་ཁོ་པར་རྒྱ་ནག་ནང་ཁྲིམས་བཤེར་བྱས་ན་ཚེ་བཙོན་གྱི་ཁྲིམས་ཐག་གཅོད་ཉེན་ཡོད་འདུག

ཕྱི་ལོ་ ༢༠༡༤ ལོར་སྲིད་འཛིན་ཞི་ཅིན་ཕིན་གྱིས་སྣེ་ཁྲིད་འོག་སྤེལ་བའི་ཝ་མོ་མཇུག་འདེད་ཅེས་པའི་ལས་གཞི་དེ་སྤྱིར་ལྐོག་ཟ་རུལ་སུངས་ལ་འགོག་རྒོལ་བྱ་རྒྱུའི་ལས་གཞི་ཞིག་ཡིན་སྐོར་བསྒྲགས་ཡོད་ཀྱང་། དོན་དངོས་ཐོག་རྒྱ་ནག་གཞུང་གིས་ལས་གཞིའི་དེའི་མིང་ཐོག་ནས། རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཀྱི་ངོ་རྒོལ་ལས་འགུལ་སྤེལ་མཁན་ཕྱི་སྡོད་རྒྱ་རིགས་རྣམས་ལའང་ལྐོག་ཟ་རུལ་སུངས་ཀྱི་ནག་ཉེས་བཙུགས་ཏེ། རྒྱལ་ཁབ་ཕན་ཚུན་བར་བཞག་པའི་དོགས་ཡོད་ཉེས་ཅན་རྩིས་སྤྲོད་ཀྱི་ཆོད་ཡིག་འོག རྒྱ་ནག་ནང་ཁྲིམས་ཆད་གཏོང་ཐབས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་ཡོད་ལ། འདི་ལོའི་ཕྱི་ཟླ་ ༧ པའི་ནང་ཨ་རིའི་དབུས་ཉེན་རྟོག་མགོ་དཔོན་ཁུ་རི་སི་ཊོ་ཧྤར་རེ་ཡིས་ཨ་རིའི་སློབ་ཆེན་ཞིག་ལ་གཏམ་བཤད་སྤེལ་སྐབས། རྒྱ་ནག་གི་ཝ་མོ་མཇུག་འདེད་ཀྱི་ལས་གཞི་དེ་ལྐོག་ཟ་རུལ་སུངས་ལ་དམིགས་པ་ཞིག་མིན་པར། ཆབ་སྲིད་དྲག་གནོན་གྱི་ལག་ཆ་ཞིག་ཡིན་སྐོར་བརྗོད་འདུག་པ་དང་། དེ་བཞིན་ཕྱི་ལོ་ ༢༠༡༥ ལོར་ཨོ་བྷ་མ་སྲིད་གཞུང་གིས་རྒྱ་ནག་གཞུང་གིས་ལས་གཞི་དེའི་མིང་ཐོག་ནས་གསང་བའི་མི་སྣ་མངག་གཏོང་བྱེད་ཐབས་དེར་སྐྱོན་བརྗོད་བྱས་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

བསྐྱར་བཅོས།: ༢༠༢༠/༡༠/༢༩

Leave a Reply