ཡུ་རོབ་རྒྱལ་ཁབ་གཉིས་ཀྱིས་བསྐྱར་དུ་ཁྱིམ་སྡོད་བཀའ་རྒྱ་བསྒྲགས།

ཡུ་རོབ་རྒྱལ་ཁབ་ཧྥ་རན་སི་དང་འཇར་མན་གཉིས་ཀྱི་ནང་ཏོག་དབྱིབས་འགོས་ཁྱབ་ཀྱི་གནས་སྟངས་སྟངས་འཛིན་བྱེད་དཀའ་བའི་གནས་སུ་ལྷུང་ཡོད་པས་སང་ཉིན་ཕྱི་ཚེས་ ༣༠ ནས་ཟླ་གཅིག་རིང་རྒྱལ་ཡོངས་སུ་ཁྱིམ་སྡོད་བཀག་རྒྱ་བཏང་འདུགརྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ད་ལྟའི་ཆར་འཛམ་གླིང་ནང་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཀྱི་དཀའ་ངལ་ཆེན་པོ་འཕྲད་བཞིན་པའི་སྐབས་འདིར། ཡུ་རོབ་མཐུན་ཚོགས་ཀྱི་ཁོངས་གཏོགས་འཇར་མན་དང་ཧྥ་རན་སི་གཉིས་ཀྱིས། ཏོག་དབྱིབས་གཉན་རིམས་འགོས་ཁྱབ་བཀག་འགོག་ཆེད། འདི་ལོའི་ཕྱི་ཟླ་ ༡༡ པ་ནས་བཟུང་རྒྱལ་ཡོངས་སུ་ཁྱིམ་སྡོད་བཀའ་རྒྱ་བཏང་ཡོད་པ་དང་། ད་ལྟའི་ཆར་ཡུལ་དེ་གཉིས་ནང་ཉིན་རེར་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་ཀྱི་གྲངས་འབོར་ཤུགས་ཆེར་འཕར་ཏེ་སྟངས་འཛིན་བྱེད་དཀའ་བའི་གནས་སུ་ལྷུང་ཡོད་འདུག

ཧྥ་རན་སིའི་སྲིད་འཛིན་མཱག་རོན་མཆོག་གིས།  ཧྥ་རན་སིའི་ནང་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཀྱི་དཀའ་ངལ་སྟངས་འཛིན་བྱེད་མི་ཐུབ་པའི་ཚད་ལ་བསླེབས་ཡོད། ཅེས་གསུངས་ཡོད་པ་དང་། ཧྥ་རན་སིའི་ནང་སང་ཉིན་ཕྱི་ཚེས་ ༣༠ ཉིན་ནས་མགོ་བཙུགས་ཏེ་ཕྱི་ཟླ་ ༡༢ ཚེས་ ༡ བར་ཟླ་གཅིག་རིང་ཁྱིམ་སྡོད་བཀའ་རྒྱ་བཏང་ཡོད་པ་དང་། མི་མང་ལ་དགོས་ངེས་ཅན་གྱི་བཟའ་ཆས་རིགས་དང་སྨན་བཅོས་སོགས་ཀྱི་སླད་ཉིན་གཅིག་གི་ཆུ་ཚོད་ ༡ རིང་ཕྱིར་ཐོན་བྱེད་ཆོག་གི་ཡོད་འདུག

དེ་བཞིན། འཇར་མན་གཞུང་གིས་ཕྱི་ཟླ་ ༡༡ ཚེས་ ༢ ཉིན་ནས་ཚེས་ ༣༠ བར་ཁྱིམ་སྡོད་བཀའ་རྒྱ་གཏོང་གི་ཡོད་པ་དང་། འཇར་མན་སྲིད་བློན་ལྕམ་ཨན་ཇི་ལཱ་མ་ཁེལ་མཆོག་གིས།  ང་ཚོའི་འཕྲོད་བསྟེན་མ་ལག་གིས་དེ་རིང་ནད་ཡམས་ལ་གདོང་ལེན་བྱེད་ཐུབ་ནའང་། ནད་ཡམས་འགོས་ཁྱབ་ཀྱི་མྱུར་ཚད་ང་ཚོའི་སྟངས་འཛིན་ལས་བརྒལ་གྱི་ཡོད་སྟབས། ད་ལྟ་ང་ཚོས་ངེས་པར་དུ་ནད་ཡམས་སྔོན་འགོག་ལག་བསྟར་བྱེད་དགོས་ཀྱི་འདུག ཅེས་བརྗོད་ཡོད་པ་དང་། འཇར་མན་དཔལ་འབྱོར་བློན་ཆེན་ཨོ་ལཱ་ཧྥོ་(Olaf Scholz)ལགས་ཀྱིས། ཕྱི་ཟླ་ ༡༡ པ་ནི་གདོང་ལེན་གྱི་ཟླ་བ་གཅིག་ཆགས་ཡོད་པ་ལྟར། ད་ལྟ་འཇར་མན་ནང་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་ཀྱི་རྦ་རླབས་གཉིས་པ་ཞིག་འཕྱུར་ཡོང་སྟེ། ང་ཚོར་བཙན་གྱིས་ནད་ཡམས་སྔོན་འགོག་དང་འབྲེལ་བའི་ཁྲིམས་ལག་བསྟར་བྱེད་དུ་བཅུག་སོང་། ཞེས་བརྗོད་ཡོད་པ་རེད།

ད་ལྟ་འཇར་མན་ནང་ཉིན་རེར་ཏོག་དབྱིབས་ནད་པ་གསར་པ་ ༡༡༠༠༠ ལྷག་དང་ཧྥ་རན་སིའི་ནང་ཉིན་རེར་ནད་པའི་གྲངས་འབོར་ཁྱོན་ ༣༦༠༠༠ ལས་བརྒལ་གྱི་ཡོད་ཅིང་། འཇར་མན་དང་ཧྥ་རན་སིའི་སྨན་ཁང་ཁག་ཏུ་ཉལ་ཁྲི་ཕལ་ཆེ་བ་ནད་པས་ཁེངས་ཟིན་པ་དང་། ཟླ་གཅིག་རིང་རྒྱལ་ཁབ་གཉིས་ཀྱི་སློབ་གྲྭ་ཁག་ཕུད་པའི་ཟ་ཁང་དང་མགྲོན་ཁང་། དེ་བཞིན་འགྲིམས་འགྲིལ་སོགས་རྒྱལ་ཡོངས་ཀྱི་ལས་རིགས་ཡོངས་མཚམས་འཇོག་གནང་རྒྱུ་ཡིན་འདུག

ཉེ་བའི་བདུན་གཅིག་ནང་ཡུ་རོབ་རྒྱལ་ཁབ་ཁག་ཏུ་ཏོག་དབྱིབས་ནད་པའི་གྲངས་འབོར་གསར་པ་ཁྱོན་ས་ཡ་ ༡།༣ ཐོན་ཞིང་། དེ་ནི་འཛམ་གླིང་ཧྲིལ་པོའི་ནད་པའི་གྲངས་འབོར་འཕར་ཚད་ཀྱི་ཕྱེད་ཀ་ཙམ་ཟིན་གྱི་ཡོད་འདུག་ལ། བདུན་ཕྲག་སྔོན་མར་ཡུ་རོབ་ནང་ནད་པ་ཁྱོན་ ༡༡༧༠༠ རྐྱེན་འདས་སུ་ཕྱིན་ཡོད་འདུག

ཡུ་རོབ་མཐུན་ཚོགས་ནི་འཛམ་གླིང་གི་དཔལ་འབྱོར་འཕེལ་འགྲིམ་ཁྲོད་གོ་བབ་ཤུགས་ཆེན་བཟུང་བའི་མཐུན་ཚོགས་ཤིག་ཆགས་ཀྱི་ཡོད་པ་ལྟར། འདི་ལོར་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཀྱི་དཀའ་ངལ་འོག ཡུ་རོབ་རྒྱལ་ཁབ་ཁག་གིས་ཁྱིམ་སྡོད་བཀའ་རྒྱ་བཏང་བར་བརྟེན། འཛམ་གླིང་གི་དཔལ་འབྱོར་ཉམས་རྒུད་ཤུགས་ཆེན་ཕྱིན་ཞིང་། ད་ལྟ་འཇར་མན་གཞུང་གིས་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཀྱི་དཀའ་ངལ་འོག་དཔལ་འབྱོར་ལ་ཤུགས་རྐྱེན་ཐེབས་པའི་བཟོ་གྲྭ་ཁག་ལ་གུན་གསབ་རོགས་དངུལ་ཨ་སྒོར་ཐེར་འབུམ་ ༡༢  ཟུར་འཇོག་བྱས་ཡོད་པ་རེད།

ད་ལྟ་འཛམ་གླིང་ཁྱོན་ཡོངས་ཀྱི་ཏོག་དབྱིབས་ནད་པའི་གྲངས་འབོར་ནི་མི་གྲངས་ས་ཡ་ ༤༤ ལྷག་ཆགས་ཀྱི་ཡོད་པ་དང་རྐྱེན་འདས་སུ་ཕྱིན་པ་ས་ཡ་ ༡ ལྷག དེ་བཞིན། དྲག་སྐྱེད་བྱུང་བ་མི་གྲངས་ས་ཡ་ ༣༢ ལྷག་བྱུང་ཡོད་པ་རེད་ལ། ད་སྔ་བར་ཨ་རིར་ཏོག་དབྱིབས་ནད་པ་ཁྱོན་ས་ཡ་ ༩ ལྷག་བྱུང་སྟེ་འཛམ་གླིང་གི་ཏོག་དབྱིབས་ནད་པའི་གྲངས་འབོར་མང་ཤོས་དང་། ད་ལྟ་ཉིན་རེར་ཏོག་དབྱིབས་ནད་པ་ཁྱོན་ཁྲི་ ༧ ཡས་མས་བྱུང་གི་ཡོད་པ་དང་། གཉིས་པ་རྒྱ་གར་ལ་ནད་པ་ཁྱོན་ས་ཡ་ ༨ ལྷག་བྱུང་ཡོད་ཅིང་ཉིན་རེར་ཏོག་དབྱིབས་ནད་པའི་གྲངས་འབོར་འཕེལ་ཚད་ནི་མི་གྲངས་ ༣༠༠༠ ནས་ ༥༠༠༠ བར་ཆགས་ཀྱི་འདུག

འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ལྟར་ན། ད་ལྟ་འཛམ་གླིང་ནང་ཏོག་དབྱིབས་གཉན་རིམས་ཀྱི་དཀའ་ངལ་མུ་མཐུད་འཕྲད་ཀྱི་ཡོད་པ་དང་། འཛམ་གླིང་རྒྱལ་ཁབ་ཁག་གིས་ཏོག་དབྱིབས་སྨན་ཁབ་བཟོ་བར་འབད་བརྩོན་དང་འགྲན་བསྡུར་བྱེད་བཞིན་ཡོད་མོད། ད་སྔ་བར་ཏོག་དབྱིབས་གཉན་རིམས་རྩ་ནས་བཅོས་ཐུབ་པའི་སྨན་གཅིག་ཀྱང་ཐོན་མེད་པ་རེད། ད་ལྟ་ཏོག་དབྱིབས་སྨན་བཟོ་བཞིན་པའི་གཞུང་དང་སྨན་སྦྱོར་གྱི་ཚོགས་སྡེ་ཁག དེ་བཞིན་ཚན་རིག་པ་དང་སྨན་པ་སྒེར་བ་སོགས་ཏོག་ནད་སྨན་བཟོ་མཁན་ཁྱོན་ ༡༠༠ ཡོད་པ་ལས་སྨན་ཁག་ཅིག་དངོས་སུ་མིའི་ལུས་སུ་ཚོད་ལྟའི་གོ་རིམ་ཁྲོད་ཞུགས་ཡོད་པ་རེད་ལ། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཏོག་དབྱིབས་གཉན་རིམས་བཅོས་ཐུབ་པའི་སྨན་ཚད་ལྡན་ཞིག་རག་ཚེ། མགྱོགས་མྱུར་ངང་འཛམ་གླིང་རྒྱལ་ཁབ་ཁག་ཏུ་འགོས་འགྲེམས་བྱ་འཆར་ཡོད་སྐོར་བརྗོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

བསྐྱར་བཅོས།: ༢༠༢༠/༡༠/༣༠

Leave a Reply