མི་ལྤགས་ལས་འཕྲོས་ཏེ་ས་མེ་ར་ཁན་Sameera Khan གྱི་ལོག་རྟོག་གི་འབྱུང་རྩ་བསྔོགས་པ།

ཀླུ་སྨྱོན་ཧེ་རུ་ཀ

ཉིན་ཤས་སྔོན་ནས་བཟུང་སྐྱེས་ཡུལ་ཕ་ཀི་སི་ནས་ཡིན་ཞིང་དེང་སང་རྒྱལ་ཁོངས་ཨ་མེ་རི་ཀ་ཡིན་པའི་བུད་མེད་དྲ་རྩོམ་སྤེལ་མཁན་མིང་ལ་ས་མེ་ར་ཁན་ Sameera Khan ཟེར་བ་དྲ་བའི་རྗེས་འཇུག་ཁྲི་ལྔ་ཙམ་ཡོད་པ་ཞིག་གིས་འཛམ་གླིང་སྟེང་གི་གུས་བརྩི་ཆེ་ཤོས་བྱེད་ཡུལ་གྱི་བྲན་བདག་ཟུར་པ་ཞེས་པའི་ཁ་བྱང་ཅན་གྱི་རྩོམ་ཡིག་ཅིག་སྤེལ་ཏེ། ཕོ་བྲང་པོ་ཏ་ལ་ནས་ཐོན་པ་ཡིན་སྐད་ཀྱི་མི་ལྤགས་ཀྱི་འདྲ་པར་ཞིག་བསྟན་ནས། དེ་ནི་ཏྰ་ལའི་བླ་མས་བྲན་གཡོག་དམར་གསོད་བཏང་སྟེ་པགས་པ་བཤུས་པ་ཞིག་ཡིན་ལུགས་ཀྱི་གཏམ་འཆལ་ཞིག་སྤེལ་ཡོད་འདུག་ལ། འདི་ནི་ལོ་འདིའི་ནང་གང་ཟག་སྒེར་བ་དེ་འདྲས་རྒྱུ་མཚན་ལྟར་སྣང་བ་རེ་དྲངས་ཏེ་༧གོང་ས་མཆོག་ལ་སྤྱི་ཚོགས་བརྒྱུད་ལམ་བེད་སྤྱད་ནས་སྐུར་འདེབས་བྱེད་ཐེངས་གསུམ་པ་དེ་རེད། ཁོ་བོས་གནས་ཚུལ་དེ་ཤེས་མ་ཐག་ལམ་སེང་ཁྲུའུ་ཀྲར་དྲ་བར་ཐོ་འགོད་ཀྱིས་གོང་གསལ་བུད་མེད་དེའི་ཁྲུའུ་ཀྲར་དྲ་ངོས་ལ་བལྟས་པ་ཡིན། མོས་འདྲ་པར་མི་འདྲ་བ་ཁ་ཤས་དང་མཉམ་དུ་༧གོང་ས་མཆོག་ལ་གཤེ་ཚིག་འགའ་བྲིས་འདུག་ཅིང་། འདྲ་པར་དེ་ཚོའི་གཅིག་ནི་མི་ལྤགས་ཆེ་ཆུང་གསུམ་ཡོད་པ་དང་། གཅིག་ནི་<<བོད་སྒོ་ཕྱེས་པ>>ཞེས་པའི་དེབ་སྤྱི་ལོ་ ༡༩༠༣ ནས་༡༩༠༤ བར་གྱི་བོད་སྐོར་འཁོད་པ་ཞིག་གི་ཚིག་འགའ་ལུང་འདྲེན་བྱས་ཡོད་པ་ཞིག་ཡིན་ལ། དེའི་ནང་དུ་ “སྒོ་ཆེན་པོ་རེ་རེའི་སྟེང་དུ་མི་ལྤགས་བཤུ་བའི་རི་མོ་འཇིགས་སུ་རུང་བ་རེ་ཡོད། སྒོ་རེའི་སྟེང་དུ་མི་མགོའམ་ཡང་ན་རྒྱན་སྤྲས་བྱས་པའི་མགོ་བརྙན་གྱིས་གྲུབ་པའི་ཕྲེང་རྡོག་རེ་རེ་ཡོད། མགོ་བརྙན་འདི་ཚོ་ནི་ཤིང་གིས་བཟོས་པའི་སྟེང་དུ་ཚིན་རྩི་བྱུགས་ཡོད།” ཅེས་པ་དང་།  གཞན་པ་དེ་ནི་སྤྱི་ལོ་ ༡༩༨༨ ལོའི་ཟླ་ ༨ ཚེས་ ༢༧ རེས་གཟའ་སྤེན་པའི་ཉིན་བཏོན་པའི་ཨ་རིའི་<<ཉིག་ཡོར་དུས་བབ>>ཀྱི་ཚིག་དུམ་འགའ་རེད་འདུག་ལ། དེའི་ནང་དུ་ཕོ་བྲང་པོ་ཏ་ལའི་ནང་དུ་མི་ལྤགས་དཔྱངས་ཡོད་ལུགས་ཤིག་བྲིས་འདུག

བོད་བརྒྱུད་ནང་བསྟན་སྤྱི་དང་ཁྱད་པར་དུ་གསང་སྔགས་རྡོ་རྗེ་ཐེག་པའི་སྐོར་ལ་ཆ་རྒྱུས་ཕྲན་བུ་ཡོད་པ་ཞིག་ཡིན་ན། ཤ་ལྔ་བདུད་རྩི་ལྔ་དང་རུས་པའི་རྒྱན་དྲུག མི་ལྤགས་ཀྱི་གཡང་བཞི་དང་ཐལ་ཆེན་གྱི་ཚོམ་བུ་ཟེར་བའི་མིང་ཚིག་འདི་དག་མིག་ལམ་དང་རྣ་སྒོ་རུ་ཡང་ཡང་ལྷུང་ཡོང་བ་ཞིག་ཡིན་ཞིང་། མིང་ཚིག་དེ་ཚོས་བསྟན་པའི་མི་དང་གླང་ཆེན་བ་གླང་སོགས་ཀྱི་གཟུགས་པོ་ལས་བྱུང་བའི་ཤ་ཁྲག་རུས་པགས་དེ་ཚོའི་སྐོར་ལ་མཚོན་བྱ་མཚོན་བྱེད་དངོས་བསྟན་ཤུགས་བསྟན་སོགས་ཧ་ཅང་ཟབ་པའི་གོ་དོན་སྣ་ཚོགས་ཤིག་འགྲེལ་བཤད་བྱེད་རྒྱུ་ཡོད་ལ། དེ་ནི་ནང་བསྟན་གསང་སྔགས་ཀྱི་རིག་གཞུང་ཙམ་ཞིག་མ་ཡིན་པར། རྒྱ་གར་ལ་མཚོན་ན་ཡང་ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ཡོད་པའི་ཧིན་དུའི་ཆོས་ལུགས་ཀྱི་གྲུབ་མཐའ་སོ་སོར་ཡང་མི་དང་སྲོག་ཆགས་འདྲ་མིན་གྱིས་ཤ་ཁྲག་རུས་པགས་སོགས་བེད་སྤྱོད་བཏང་ནས་ཆོས་ལུགས་ཀྱི་ཆོ་ག་འདྲ་མིན་སྒྲུབ་སྲོལ་གནའ་ནས་ད་བར་དུ་ཡོད་ཅིང་། ཡེ་ཤུའི་ཆོས་ལུགས་ལ་མཚོན་ན་ཡང་Holy War ཞེས་པའི་ཆོས་དམག་གི་ཆེད་དུ་མི་གསོད་མེ་རྒྱག་གི་བྱ་ངན་འཇིགས་སུ་རུང་བ་བྱེད་མྱོང་ཡོད་པ་མ་ཟད། ཁ་ཆེ་འཇིགས་སྐུལ་དྲག་སྤྱོད་པ་ཚོར་མཚོན་ན་Jihad འམ་ “དཀོན་མཆོག་གི་ཆེད་དུ་འཐབ་རྩོད”  ཅེས་པར་བསྙད་ནས་མི་གསོད་ཁྲག་སྦྱོར་འཇིགས་སུ་རུང་བ་འཛམ་གླིང་གི་ས་ཕྱོགས་གང་སར་ལག་ལེན་བྱེད་ཀྱི་ཡོད་ཀྱང་། ས་མེ་ར་ཁན་གྱིས་མོ་རང་གི་ཆོས་ལུགས་ཀྱི་ཞེན་ཁོག་དང་ཚེ་སྲོག་གི་བདེ་འཇགས་ལ་བསམས་ནས་དེའི་སྐོར་ལ་ཚིག་གཅིག་བཤད་མི་ཐུབ་ལ། ༧གོང་ས་མཆོག་དང་བོད་མི་རིགས་རྣམས་ནི་ཧ་ཅང་ཉམ་ཆུང་ཀུན་གྱི་སྙིང་རྗེའི་ཡུལ་དུ་གྱུར་ཏེ་རྒྱལ་ཁབ་མེད་པའི་སྐྱབས་བཅོལ་བ་ཡིན་པར་དམིགས་ནས་ཚིག་རྩུབ་ཀྱི་རྒོལ་རྡུང་གཏོང་གི་ཡོད་པ་རེད།

བུད་མེད་འདིས་སྤྱི་ལོ་ ༢༠༡༨ ཙམ་ལ་མི་གསོད་ལག་དམར་སི་ཏ་ལིན་གྱི་སྐོར་ལ་རྨོངས་བཤད་ཚིག་བརྗོད་མང་པོ་བྲིས་པས་མི་མང་པོས་སྐྱོན་བརྗོད་བྱས་པས་རྗེས་སུ་དགོངས་དག་ཐུགས་བདེན་ཞུས་པ་དང་། ངོ་དེབ་དང་ཁྲུའུ་ཀྲར་སོགས་སྤྱི་ཚོགས་བརྒྱུད་ལམ་ཁག་ཅིག་ཏུ་བོད་མི་རྒན་གཞོན་བྱིས་པ་ཚུན་ཆད་ཀྱིས་ས་མེ་ར་ཁན་ལ་དགག་གཞག་སྣ་ཚོགས་བྱེད་བཞིན་ཡོད་མོད། མང་པོ་ཞིག་གིས་གོང་ས་མཆོག་ཅི་ཙམ་ཞིག་བོད་མི་རིགས་ལ་བཀའ་དྲིན་ཆེན་པོ་ཡིན་ལུགས་ཀྱི་སྒྲུབ་བྱེད་འགོད་པ་མ་གཏོགས། བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་ཆོ་གའི་ཁྲོད་དུ་མི་དང་དུད་འགྲོ་སོགས་སྲོག་ཆགས་འདྲ་མིན་གྱི་ལུས་སྟེང་ནས་བྱུང་བའི་དངོས་རྫས་དེ་ཚོའི་སྐོར་ལ་རྒྱུ་མཚན་ལྡན་པའི་འགྲེལ་བཤད་བྱས་པ་འདོད་བློ་ཁེངས་པ་ཞིག་མ་མཐོང་ཞིང་། ང་ཚོའི་ཆོས་ལུགས་ཀྱིས་འགྲེལ་བཤད་བྱེད་པའི་སྲོག་ཆགས་ཀྱི་པགས་པ་དང་རུས་པ་བེད་སྤྱོད་གཏོང་སྟངས་འཚེ་བ་མེད་ཅིང་སྟོང་ཉིད་དང་བདག་མེད་ཀྱི་གོ་དོན་ཟབ་མོ་ཡོད་པ་དེ་རིགས་རྒྱབ་རྟེན་དུ་དྲངས་ནས་ས་མེ་ར་ཁན་དང་མོའི་དྲ་བའི་རྗེས་འཇུག་པ་ཚོར་བདེན་པ་ངོ་སྤྲོད་བྱེད་རྒྱུ་འདི་ཧ་ཅང་གལ་ཆེན་པོ་ཞིག་རེད།

འཛམ་གླིང་གི་ཆོས་ལུགས་རྙིང་པ་ཕལ་མོ་ཆེར་སྲོག་ཆགས་འདྲ་མིན་གྱི་ཤ་ཁྲག་རུས་ལྤགས་སོགས་བེད་སྤྱོད་ཀྱིས་ཆོས་ལུགས་ཀྱི་མཆོད་སྦྱིན་གྱི་ཆོ་ག་ལག་ལེན་བྱེད་སྲོལ་འདྲ་མིན་ཁྲི་སྟོང་ཡོད་པ་དང་། ལྷོ་ཨ་མེ་རི་ཀར་མཚོན་ན་ཡོ་རོབ་པ་ཚོ་མ་བསླེབས་པའི་སྔོན་དུ་མི་གསོན་པོའི་བྲང་ཁ་གཤགས་ནས་སྙིང་དམར་པོ་ཕྱིར་བཏོན་ནས་ཉི་མའི་ལྷ་ལ་དམར་མཆོད་འབུལ་སྲོལ་ཡོད་པ་དང་། རྒྱ་གར་ཧིན་དུའི་ཆོས་ལུགས་པའི་ཁྲོད་དུ་ཡང་ཉེ་བའི་དུས་ཚོད་ལ་མ་བསླེབས་བར་དུ་བྱིས་པ་དང་བུད་མེད་ཀྱི་གསོན་སྐེ་བྲེགས་ཏེ་ཁྲག་གི་མཆོད་སྦྱིན་བྱེད་སྲོལ་ཡོད་པ་དངོས་ཡོད་གནས་ཚུལ་ཡིན་པ་དང་། འདིའི་སྐོར་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་གཏམ་རྒྱུད་གསེར་གྱི་ཐང་མར་ཅུང་ཟད་ཞིབ་མོར་བྲིས་ཡོད་ལ། ཁོ་བོ་བལ་ཡུལ་དུ་སྡོད་པའི་སྤྱི་ལོ་ ༡༩༩༥ ནས ་༢༠༠༠ ལོའི་བར་དུ་རྒྱ་གར་གྱི་ས་ཆ་ཁ་ཤས་སུ་བྱིས་པ་དམར་མཆོད་བྱས་པའི་གསར་འགྱུར་རེ་ཟུང་བཀླགས་མྱོང་ཡོད། ཡེ་ཤུ་བས་ཆོས་དམག་རྒྱག་མཚམས་བཞག་ནས་དུས་རབས་འགའ་འགྲོ་གི་ཡོད་མོད། ས་མེ་ར་ཁན་མོ་རང་གང་ལ་གཏོགས་པའི་རྒྱལ་ཁབ་དང་ཆོས་ལུགས་དེའི་མི་སེར་གྱི་ཁྲོད་དུ་Jihad ལ་ཁག་བཞག་ནས་མི་གསོད་ཁྲག་སྦྱོར་བྱེད་མཁན་ཅི་ཙམ་ཞིག་ད་དུང་འབྱུང་བཞིན་ཡོད་པ་རེད། མོ་རང་སྐྱེས་ཡུལ་ཕ་ཀི་སི་ཐན་དུ་ཐ་ལི་སྦན་དྲག་སྤྱོད་ཤོག་ཁག་གིས་བུད་མེད་སྣེ་ཁྲིད་ཀྱི་མཚོན་བྱེད་སྐད་གྲགས་ཅན་མཛངས་མ་སྦུའུ་ཀྲོར་Bhutto མེ་མདའ་གཞུས་ནས་དམར་གསོད་དང་། བུད་མེད་ཤེས་ཡོན་པའི་དེད་དཔོན་མ་ལ་ལརMalala ་མེ་མདའ་གཞུས་ནས་རྨས་སྐྱོན་ཚབས་ཆེན་བཏང་བར་ས་མེ་ར་ཁན་གྱིས་སྡིག་དམོད་ཀྱི་ཚིག་གཅིག་བྲིས་མེད་ཚོད་རེད།

ཁོ་བོས་ས་མེ་ར་ཁན་གྱི་ཁྲུའུ་ཀྲར་དྲ་ངོས་སུ་མིག་ཉུལ་ཞིག་བྱས་པའི་ཚོར་སྣང་ནི། མོས་མི་སེར་སྤེལ་མཁན་དང་བཙན་གནོན་རིང་ལུགས་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པའི་ཚིག་དུམ་ཧ་ཅང་མང་པོ་ཞིག་བྲིས་འདུག་ཅིང་། ངའི་བསམ་པར་མོ་རང་༧གོང་ས་མཆོག་ལ་དེ་ཙམ་མི་དགའ་བའི་གནད་འགག་ཅིག་ནི་མོའི་དྲ་ངོས་སུ་དྲངས་པའི་༧གོང་ས་མཆོག་ལ་བཅར་འདྲི་ཞིག་གི་ནང་དུ་ཁོང་གིས། ཡོ་རོབ་རྒྱལ་ཁབ་ཁག་གིས་ཁོ་ཚོའི་རྒྱལ་ཁབ་ཏུ་སྐྱབས་བཅོལ་ལ་ཡོང་བའི་ཁ་ཆེའི་སྐྱབས་བཅོལ་བ་ཚོར་སློབ་སྦྱོང་སྤྲད་དེ་ཕྱིར་ཁོ་ཚོའི་རྒྱལ་ཁབ་ཏུ་འགྲོ་རུ་འཇུག་དགོས། ཡོ་རོབ་རྒྱལ་ཁབ་དེ་དག་ཁ་ཆེའི་རྒྱལ་ཁབ་ཏུ་འགྱུར་དུ་འཇུག་རྒྱུ་མེད་སྐོར་གྱི་བཀའ་སློབ་ཅིག་གནང་བ་དེས་རྐྱེན་རྩ་བྱས་ཡོད་སྲིད་ལ། དེ་ལས་ཀྱང་འཇིགས་སུ་རུང་བ་ཞིག་ནི་རྒྱལ་ཁབ་གང་ཡང་རུང་བ་ཞིག་གིས་མོ་རང་དངུལ་དངོས་ཀྱིས་བསླུས་ནས་བོད་དང་བོད་མིའི་དབུ་ཁྲིད་ལ་སྐྱོན་བརྗོད་སྐུར་འདེབས་བྱེད་དུ་འཇུག་གི་ཡོད་ཀྱང་སྲིད། རྒྱུ་མཚན་གསལ་བོ་ཞིག་ནི་ཉེ་བའི་ཆར་རྒྱ་གར་དུ་འཛིན་བཟུང་བྱས་པའི་རྒྱ་གར་གྱི་དྲ་རྩོམ་སྤེལ་མཁན་དེའི་བྱ་སྤྱོད་ལ་བལྟས་ན། ༧གོང་ས་མཆོག་ལ་སྐྱོན་བརྗོད་བྱེད་དུ་འཇུག་པར་རྒྱལ་ཁབ་གཉིས་པ་གསུམ་པ་ཞིག་གི་མི་སེར་རྒྱུ་དངོས་ཀྱིས་བསླུས་ནས་དྲ་རྩོམ་དང་གཏམ་བཤད་སྤེལ་རྒྱུ་འཇུག་རྒྱུ་དེ་ནི་ས་འོག་དར་འཐག་གི་དམག་ཇུས་རིགས་ཤིག་རེད།

གོང་ཞུས་ལྟར་བོད་གངས་ཅན་གྱི་ལྗོངས་འདིར་གནའ་སྔ་མོའི་བོན་ཆོས་དང་དེའི་རྗེས་ཀྱི་རྒྱ་གར་གསང་སྔགས་ནང་བསྟན་གཉིས་ཀའི་ཁྲོད་དུ་དུད་འགྲོའི་ཤ་ཁྲག་རུས་ལྤགས་སོགས་བེད་སྤྱོད་ཀྱིས་ཆོས་ལུགས་ཀྱི་ཆོ་ག་བྱེད་སྒོ་སྤེལ་སྟངས་འདྲ་མིན་ཞིག་ཡོད་ཅིང་། དཔེར་ན་གཏོར་མ་ལ་ཟོག་ལུག་གི་ཤ་ཁྲག་གིས་བརྒྱན་དགོས་པ་དང་། དེ་ཡང་གཏོར་ཟློག་དེ་དང་དེ་འཚོག་པའི་སྔ་ནུབ་དེ་ག་རང་དུ་ཟོག་ལུག་ཅིག་བཤས་ནས་དེའི་སྙིང་དང་རྒྱུ་མའི་ལྡ་ལྡི་དཀྱིལ་འཁོར་གྱི་མཐའ་རུ་བཤམ་དགོས་པ་དེ་འདྲ་ཁོ་བོས་དངོས་སུ་མཐོང་མྱོང་ཡོད་ལ། རྫ་དཔལ་སྤྲུལ་རིན་པོ་ཆེས་ཁོང་གི་གསུང་རྩོམ་སྐད་གྲགས་ཅན་<<ཀུན་བཟང་བླ་མའི་ཞལ་ལུང་>>ཞེས་པ་དེའི་ནང་དུ་བོད་ཀྱི་ཆོས་ལུགས་པའི་དམར་མཆོད་དེར་དགག་པ་ཚ་ནན་བཏང་ཡོད། བོད་དུ་དུས་འཁོར་དབང་ཆེན་གནང་མཁན་བླ་མ་ཕལ་ཆེ་བས་རུས་པའི་རྒྱན་དྲུག་མནབས་སྲོལ་ཡོད་པ་དང་། གོང་ས་མཆོག་གིས་ཀྱང་བོད་དུ་སྤྱི་ལོ་ ༡༩༥༤ ལོའི་ཟླ་ ༤ བར་ནོར་བུ་གླིང་གར་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐོག་མར་གནང་དུས་སུ་རུས་པའི་རྒྱན་དྲུག་མནབས་ཡོད་པའི་འདྲ་པར་ཞིག་མདོ་སྨད་བཙན་རྒོལ་བདེན་རྒྱབ་མནའ་འབྲེལ་རྩོམ་སྒྲིག་ཚོགས་ཆུང་ནས་༧གོང་ས་མཆོག་གི་སྐུ་ཚེའི་ལོ་རྒྱུས་འདྲ་པར་ཕྱོགས་བསྒྲིགས་ཞུས་པ་<<འཇིག་རྟེན་མིག་འབྱེད་>>ཅེས་པ་དེར་མཇལ་རྒྱུ་ཡོད་ན་ཡང་། ཁོང་རྒྱ་གར་དུ་སྐྱབས་བཅོལ་ལ་ཕེབས་ནས་བཟུང་དུས་འཁོར་དབང་ཆེན་སོགས་གསང་སྔགས་ཀྱི་དབང་ཆེན་ག་འདྲ་ཞིག་གནང་དུས་སུ་ཡང་རུས་པའི་རྒྱན་དྲུག་ཕར་ཞོགས། རིགས་ལྔ་ཆོས་འཇུག་མནབས་པའི་སྐུ་པར་ཡང་མཇལ་རྒྱུ་ཧ་ཅང་དཀོན་པོ་ཡིན། དེར་མ་ཟད་ཁོང་གིས་ཁལ་ཁ་རྗེ་བཙུན་དམ་པར། “རྗེ་བཙུན་རིན་པོ་ཆེ་ཁྱོད་རང་གིས་གོས་ཆེན་གྱི་ཕྱུ་བ་གྱོན། སོག་པོ་ལ་རང་བཙན་ཡོད་པ་རེད། རང་ལུགས་གནང་ན་ལེགས། ང་ལ་རང་བཙན་མེད་པས་གོས་ཆེན་གྱོན་གྱི་མེད་གསུངས་སོང་། དང་པོ་སྐུ་རྩེད་ཡིན་ན་བསམ་ཡང་ལན་ཁ་ཤས་གསུངས་པས་དེ་ནས་བཟུང་བཀའ་ལྟར་བྱས་པ་ཡིན།”  ཞེས་བཀའ་བསྩལ་ལུགས་ཤིག་ཀྱང་བླ་མ་གཞན་ཞིག་གི་རྣམ་ཐར་ནང་མཇལ་མྱོང་།

ཉེ་ཆར་བདག་གིས་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ་གྱིས་བྲིས་པའི་རྣམ་རྒྱལ་གྲྭ་ཚང་གི་འདོན་ཆོག་དང་གར་འཆམ་སོགས་ཀྱི་སྐོར་འཁོད་པའི་རྩོམ་ཡིག་ཅིག་ལ་ཞིབ་འཇུག་བྱས་པ་ཡིན། ངོ་སྤྲོད་རྩོམ་ཡིག་དེའི་ནང་དུ་མཆོད་རྫས་ཀྱི་ནང་དུ་རྐང་གླིང་ཡོད་པ་མ་གཏོགས་མི་ལྤགས་སོགས་སེམས་ཅན་གྱི་པག་རིགས་ཤིག་གི་མིང་ཙམ་ཡང་མཐོང་རྒྱུ་མེད་པ་དང་། ལོ་རྒྱུས་སྟེང་བོད་གཞུང་དགའ་ལྡན་ཕོ་བྲང་གིས་ཆོས་བརྒྱུད་གཞན་པའི་བླ་མ་ཆེན་པོ་དེ་འདྲ་གདན་འདྲེན་ཞུས་ནས་གཞུང་འབྲེལ་གཏོར་རྒྱག་གྲ་རྒྱས་པོ་དེ་འདྲ་གནང་སྲོལ་འདུག་ན་ཡང་། གཏོར་ཟློག་དེ་འདྲའི་སྐབས་སུ་ཅི་ཙམ་དྲག་པོ་མངོན་སྤྱོད་ཀྱི་རིགས་ཡིན་ཡང་མི་ལྤགས་ཀྱི་གཡབ་མོ་བེད་སྤྱོད་བྱས་ལུགས་ཤིག་ལོ་རྒྱུས་ཡིག་ཆའི་ནང་དུ་མཐོང་མ་མྱོང་ཞིང་། ཕོ་བྲང་པོ་ཏ་ལའི་ལྷ་ཁང་སྤྱི་དང་ཁྱད་པར་དུ་ཆོས་སྐྱོང་སྲུང་མ་གཉན་པོ་དེ་ཚོ་བཞུགས་པའི་མགོན་ཁང་དང་ལྷ་མོ་ཁང་ལྟ་བུའི་ནང་དུ། བོད་རང་གི་ཐུན་མོང་མ་ཡིན་པའི་ལུགས་སྲོལ་ཞིག་སྟེ། སྲུང་མའི་སྤྱན་གཟིགས་ཞེས་པ་སྲོག་ཆགས་འདྲ་མིན་གྱི་པག་རིགས་དང་རྭ་ཅོ་འདྲ་མིན། དེ་བཞིན་མཚོན་ཆ་འདྲ་མིན་དང་གོ་ཁྲབ་འདྲ་མིན་བཤམས་སྲོལ་ཞིག་ཡོད་པ་དང་། བོད་ལ་དུས་འགྱུར་བྱུང་དུས་རྒྱ་དམག་གིས་བོད་ཀྱི་དགོན་པ་མང་པོའི་མགོན་ཁང་བསྔོགས་ནས་སྲུང་མའི་སྤྱན་གཟིགས་ཀྱི་གྲི་དང་མེ་མདའ་ཕྱིར་བཏོན་ནས། མི་མང་ལ་ “དགོན་པ་དེ་དང་དེས་གོ་མཚོན་སྦས་སྐུང་བྱས་ནས་དྲག་པོའི་གྱེན་ལངས་བྱེད་རྩིས་བྱས་འདུག” ཅེས་དྲིལ་བསྒྲགས་ལོག་པར་བྱས་པ་དེ་ཚོ་དྲན་ན། གལ་སྲིད་པོ་ཏ་ལའམ་དེ་མ་ཡིན་པའི་བོད་པའི་དགོན་པ་ལྷ་ཁང་ཞིག་ནས་བརྟག་པ་མཐའ་བཟུང་གིས་མི་ལྤགས་ཤིག་ཕྱིར་ཐོན་པ་ཡིན་ན་ཡང་། དེ་ནི་བརྒྱ་ཆ་བརྒྱ་དུར་ཁྲོད་ཀྱི་མི་རོ་རེ་ཟུང་གི་པགས་པ་ཁྱེར་ཡོང་བའམ། ཡང་ན་གཤིན་པོ་ག་གེ་མོ་དེའི་ཁྱིམ་མིའི་འདོད་མོས་བཞིན་དགོན་པ་གྲྭ་ཚང་ལ་ཆོས་ལུགས་ཀྱི་བྱེད་སྒོ་ག་གེ་མོར་དམིགས་ནས་ཞལ་འདེབས་སུ་ཕུལ་བ་ཞིག་ཡིན་པ་སྨྲོས་མ་དགོས་ཏེ། བོད་མི་མང་པོ་ཞིག་གིས་རང་ཉིད་ཤི་བའི་རྗེས་སུ་རང་གི་བརླ་རྐང་གཅོད་འདོན་མཁན་དེ་དང་དེས་བླངས་ནས་རྐང་དུང་བཟོ་རྒྱུའི་རེ་བ་བྱེད་པ་དང་། ཡང་ན་གཤིན་པོ་དེའི་ཁྱིམ་མིར་ཆོག་མཆན་ཞུས་ཏེ་གཤིན་པོའི་བརླ་རྐང་བླངས་ནས་རྐང་གླིང་བཟོ་སྲོལ་ཞིག་གནའ་སྔ་མོ་ནས་ཡོད་པ་རེད་ལ། དེའི་ཕྱོགས་སུ་དྲག་ཤུགས་བཙན་གནོན་སོགས་ཅི་ཡང་མེད་པར་ཕྱོགས་གཉིས་ཀའི་མོས་མཐུན་ཡོད་པ་ཞིག་ཡིན། དེ་བཞིན་བོད་ཀྱི་ནང་པའི་ཆོས་ལུགས་ནི་མི་རྟག་པ་དང་བདག་མེད་པའི་ནང་དོན་ཟབ་མོས་རྨང་གཞི་བྱས་པའི་ཆོས་ལུགས་ཤིག་ཡིན་པར། མི་ཤི་ཚར་བའི་རུས་པ་དང་པགས་པས་མི་རྟག་པ་དང་བདག་མེད་པའི་གོ་དོན་མཚོན་པ་ཞིག་ཡིན་ཞིང་། བོད་བརྒྱུད་གསང་སྔགས་ཀྱི་ཆོས་ལུགས་ལ་སློབ་སྦྱོང་ཕྲན་བུ་ཞིག་ཡོད་ཀྱང་འདིའི་ཕྱོགས་སུ་མགོ་རྨོངས་འུར་སྒྲོག་བྱེད་དགོས་པ་ཞིག་ཡེ་ནས་མིན།

གོང་དུ་ས་མེ་ར་ཁན་གྱིས་ལུང་འདྲེན་བྱས་པའི་དཔེ་དེབ་དང་ཉིག་ཡོར་ཚགས་པར་གྱི་ངོས་སུ་འཁོད་པའི་མི་ལྤགས་དང་མགོ་རུས་ཀྱི་སྐོར་དེ་ལ་མཚོན་ན་ཡང་། བོད་ཀྱི་དགོན་པའི་སྲུང་མའི་སྐུ་བརྙན་བཞུགས་སའི་མགོན་ཁང་དང་ལྷ་མོའི་ཁང་པར་ཞི་རྒྱས་དབང་དྲག་ལས་བཞིའི་ཁྲོད་ཀྱི་དྲག་པོའི་མཚོན་བྱེད་མི་རོ་དང་མི་ལྤགས་སོགས་ཀྱི་གཟུགས་བརྙན་འབྲི་སྲོལ་ཧ་ཅང་དར་ཁྱབ་ཆེན་པོ་ཡོད་པས། དེ་ཙམ་ཞིག་གིས་བོད་དང་འཛམ་གླིང་གི་ཞི་བདེའི་དཔེ་མཚོན་བླ་ན་མེད་པ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་གཞི་མེད་སྐུར་འདེབས་བྱེད་པ་འདིར་བསམ་བཞིན་དགོད་བྲོ་བ་ལ་ཡི་མུག་པ་ཞིག་ཀྱང་རེད། ༧གོང་ས་མཆོག་གི་མཛད་རྣམ་སྔ་ཕྱི་གཉིས་ཏེ་<<ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་>>དང་<<བཙན་བྱོལ་ནང་གི་རང་དབང་>>གཉིས་ཀའི་ནང་དུ་༧གོང་ས་མཆོག་པོ་བྲང་པོ་ཏ་ལར་བཞུགས་པའི་སྐབས་ཀྱི་ཁོང་གི་གནས་སྟངས་ངོ་མ་དེ་གསལ་བོར་བྲིས་གནང་ཡོད་ལ། དཔེ་དེབ་དེ་གཉིས་ཀྱི་བརྗོད་བྱའི་ཡིག་ཕྲེང་རེ་རེ་ནི་འཚེ་མེད་ཞི་བ་དང་སྙིང་རྗེའི་ལྷ་མཆོག་འཕགས་པ་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་མ་ནི་ཡི་གེ་དྲུག་མའི་སྒྲ་དབྱངས་ཀྱི་ཀློང་ནས་འཇིག་རྟེན་མི་ཡུལ་དུ་བྱོན་པའི་བྱིས་པ་ཆུང་ཆུང་ཞིག་གི་མི་ཚེ་དང་། འགྲོ་བ་མི་དང་དུད་འགྲོ་ཚང་མར་སྙིང་རྗེ་ཚད་མེད་དང་བྱམས་པ་ཚད་མེད། དགའ་བ་ཚད་མེད་དང་བཏང་སྙོམས་ཚད་མེད་བཞིའི་སྨོན་ལམ་གྱིས་ལུས་ཟུངས་འཚར་ལོངས་བྱུང་བའི་བཙུན་པ་ཆུང་ཆུང་ཞིག་གི་མི་ཚེའི་འགྱུར་ལྡོག དེ་ནས་ན་སོ་དར་ལ་བབས་པའི་ནང་པའི་དགེ་སློང་རྐང་པ་སྤོ་ལམ་ནང་གི་སྲིན་བུ་ཆུང་ཆུང་ཡན་ཆད་ལ་ཉིན་མཚན་དུས་དྲུག་ཏུ་སྙིང་རྗེ་སྒོམ་ནས་བཞུགས་མཁན་ཞིག་གི་མི་ཚེའི་བྱུང་བ་རེད་མ་གཏོགས། ཁྱོད་ཀྱིས་སྙིང་རྩ་གདོན་དང་དངུལ་གྱིས་བསླུས་ཏེ་བྲིས་པའི་བྲན་གཡོག་བདག་པོ་ཞིག་རྩ་བ་ཉིད་ནས་མ་རེད། ༧གོང་ས་མཆོག་ཁོ་ན་ནི་བོད་ཀྱི་བྲན་གཡོག་ལམ་ལུགས་ཆེས་ཐོག་མར་མེད་པ་བཟོ་བར་དབུ་ཁྲིད་གནང་མཁན་གྱི་ལོ་རྒྱུས་ཀྱི་རྡོ་རིང་འོད་སྟོང་འབར་བ་ཞིག་ཡིན་ཞིང་། ཁྱོད་ཀྱི་ལོག་བཤད་བྱིས་པའི་སྤར་མོ་དེ་ཡིས་༧གོང་ས་མཆོག་གི་འགྲོ་བ་མིའི་རང་དབང་དང་ཞི་བདེའི་ཕྱོགས་སུ་བཞག་དང་འཇོག་གནང་མཛད་པའི་མཛད་འཕྲིན་ཉི་མ་འབུམ་གྱི་འོད་སྣང་འགོག་ག་ལ་ཐུབ་སྟེ་མི་ཐུབ་བོ།།

བསྐྱར་བཅོས།: ༢༠༢༠/༡༠/༣༠

Leave a Reply

3 thoughts on “མི་ལྤགས་ལས་འཕྲོས་ཏེ་ས་མེ་ར་ཁན་Sameera Khan གྱི་ལོག་རྟོག་གི་འབྱུང་རྩ་བསྔོགས་པ།

  1. སྐུ་དྲིན་ཆེན་ཡག་པོ་བྲིས་འདུག་འདི་དབྱིན་ཡིག་ནང་སྒྱུར་ནས་གང་མང་སྤེལ་ཐུབ་ན་དེ་བས་དགེ་མཚན་ཆེ། ས་མེ་ར་ཁན་ཞེས་བུ་མོ་འདི་འཛམ་གླིང་གི་ཤེས་རིག་ཟེར་བ་ལ་རིགས་ཅི་ཡོད་དང་། དེ་དང་དེ་འདྲ་བའི་ཆོས་ལུགས་ཀྱིས་ཡུལ་སྲོལ་ཙམ་ཀང་མ་ཤེས་ནས་ཁ་ནས་གང་ཐོན་བཤད་པ་ཙམ་རེད། འོན་ཏན་ལན་འདི་འདྲ་དོན་ལྡན་ཞིག་གནང་ཐུབ་ན་ཧ་ཅང་ཡག་པོ་འདུག

  2. གཞུང་པ་ཚེ་དབང་བསོད་ནམས

    བཀྲིན་ཆེ་དཔེ་ཡག་པོ་བྲིས་འདུག་ཐུགས་རྗེ་ཆེ་།
    ལྷ་རབས་བྱུང་ན་དབྱིན་ཡིག་ནང་བྲི་ཐུབ་ན་དགེ་ཚན་ཆེ་བ་མངོན་།